ཡ་མཚན་ཆེ་བའི་ཆོ་འཕྲུལ།

                                                     

                   ལོ་ གསར་ཚེས་གསུམ་ཉིན་གྱི་སྐྱ་མདའ་བཏང་དུས་ནས་གྲོང་སྡེའི་སྐྱེས་པ་ཚང་མས་གཟབ་ འཆོར་དྲག་བ་དག་སྤྲས།བེའུ་དང་རལ་གྲི་དག་འདོགས་ཤིང༌།རྟ་ཅང་ཤེས་དང་འདྲ་བ་དག་ལ་ ཆིབས་ནས་ཀི་སྒྲ་འུར་སྒྲ་དང་བཅས་ལྷ་འདུས་རི་བོར་བསང་གཏོང་བར་འགྲོ་སོང༌། རིམ་བཞིན་རྟ་བདུན་དབང་པོ་ཤར་རིའི་ཕྲག་ནས་དགོད་འཚེར་འཚེར་ངང་འཛུམ་བྱུང་བས་ གངས་རི་དག་གི་རྩེ་མོ་རུ་གསེར་ཆུ་བྱུག་པ་བཞིན་སེར་ཐིང་ཐིང་དུ་གྱུར། ཁ་མདོག་དཀར་དམར་ཁྲ་གསུམ་གྱི་རླུང་རྟ་ཆེ་ཆུང་སྣ་ཚོགས་རྒྱན་པའི་ལྷ་འདུས་བསང་ རྭའི་ནང་དུ་ལྷ་བསང་གི་དུད་སྤྲིན་དུང་གི་ཀ་བ་འཛུགས་པ་བཞིན་ལོང་ལོང་དུ་འཕྱུར། རྦ་ཀློང་བཤིག་ནས་ལྷ་འདུས་རི་བོར་འཐེན་པའི་རྐང་ལམ་གྱ་མ་གྱུ་དེ་ཡི་ངོགས་སུ་ སྟོད་ལ་རྒྱ་ལྭ་དང་སྨད་ལ་ཕྱུར་པ་གྱོན་ཞིང་རྟ་ཕོ་དཀར་ནག་ཞིག་ལ་ཆིབས་ནས་བྲེལ་ འཚུབ་འཚུབ་ངང་ཡོང་མཁན་དེ་ནི་ཨ་ཁུ་དགྲ་འདུལ་རེད༌། བསང་རྭའི་ནང་སླེབས་པ་དང་ལམ་སེང་རྟ་ཐོག་ནས་མར་བབས་ཏེ། འཚབ་འཚུབ་ངང་ཕྲག་པར་གཟེར་པའི་བསང་ཁུག་ཏུ་ལག་རྙོག་བྱས་ནས་འབྲས་སྤར་མོ་ཁ་ཤས་ བསང་ཁྲིའི་སྟེང་དུ་གཏོར། ད་དུང་ལག་གཉིས་ཐལ་མོ་སྦྱར་ནས་མཆུ་ལྷེབ་སེ་ལྷེབ་སེ་བྱས་ནས་གསལ་ལ་མི་གསལ་ གྱིས་སྨོན་ལམ་ཞིག་སྒྲོག་གི་འདུག བསང་གཏོང་བ་ཚང་མས་ཨ་ཁུ་དགྲ་འདུལ་ལ་ཅེར་ནས་ཡ་མཚན་ཆེན་པོའི་སྒོ་ནས་ཕན་ཚུན་ གཅིག་གིས་གཅིག་ལ་ཨ་ཁུ་དགྲ་འདུལ་ཡང་བསང་བཏང་བར་སླེབས་འདུག ་་་་་་་ཨོ་ཧོ་་་་་་ཨ་ཁུ་ཆུས་ཀྲང་ཡང་་་་་་ཅེས་ཤོབ་ཤོབ་བཤད། མི་ཚོགས་ཀྱི་ཤོབ་གཏམ་དང་བསང་མེའི་དྲོད་རླབས་གང་གིས་རྐྱེན་ཡིན་མི་ཤེས་མོད། ཨ་ཁུ་དགྲ་འདུལ་གྱི་གདོང་ངོས་སུ་རྔུལ་ཆུ་ཕྲེང་བ་འཐོར་བ་ལྟར་བརྡོལ་བཞིན་བསང་ དུད་ཀྱི་སྨུག་གསེབ་ཏུ་གྲིབ་གཟུགས་ཤིག་དང་འདྲ་བར་སྔར་བཞིན་གྲག་འགུལ་མེད་པ་ ལངས་འདུག                           གཅིག

        

    ཁང་པའི་གྱང་ངོས་སུ་དྲག་ཆས་སྤྲས་པའི་མའོ་ཡི་འདྲ་དཔར་ཆེན་པོ་ཞིག་ཀེར་ ཞིང༌།དེ་དང་ཐག་ཅུང་ཉེ་བའི་རྩིག་སྡེབས་སུ་ཡིག་ཁྲི་དྲ་མིག་མང་པོ་ཡོད་པ་དཔེ་ དེབ་དམར་སེར་ཅན་གྱིས་ཁེངས་པ་ཞིག་བསླངས་འདུགཡིག་ཁྲིའི་མདུན་དུ་འབོལ་སྟེགས་ ཞིག་གི་སྟེང་དུ་ཨ་ཁུ་དགྲ་འདུལ་བསྙལ་མ་ཉལ་གྱི་བསྡད་ནས་དཔེ་དེབ་ཞིག་ལ་ལྟ་ ཀློག་བྱེད་བཞིན་མཆིས། ཁུ་སིམ་སིམ་གྱི་དེབ་ཁང་ནང་དུ་ཨ་ཁུ་དགྲ་འདུལ་གྱིས་གློ་བུར་དུ་ཅི་ཞིག་ཚོར་བ་ བཞིན་ཁ་རྫི་སྣ་རྫི་བྱེད་བཞིན་ངོ་གདོང་ནག་རོག་གེར་གྱུར། ཁོ་རྟབ་རྟབ་པོར་ཡར་ལངས་རྩིས་བྱེད་དུས་ལྷ་ཆེན་རི་ནག་སྤུན་གསུམ་ལ་བསང་གསོལ་ ལོ་ཞེས་པའི་ཨ་མའི་ངག་ལྡབ་ལྡིབ་དེ་རྣ་ལམ་དུ་གྲགས་བྱུང་བས་ཨ་མས་ལྷ་བསངས་བཏང་ བར་གཞི་ནས་དྲན་གསོས།ཁོས་ཨ་མ་ཡི་སྤྱོད་ཚུལ་མཐོང་རྗེས་རྨོངས་དད་ཀྱི་སྤྱོད་ ཚུལ་འདི།ཅི་ཡང་དོན་འབྲས་མེད་པའི་སྲོལ་ལུགས་ཤིག་ར་སྤྲོད་བྱ་འདོད་ཀྱང་།རང་གི་ སྙིང་ལྟར་གཅེས་པའི་ཨ་མ་ལ་ཕོག་ཐུག་འགྲོ་རྒྱུ་ཐག་ཆོད་རེད་སྙམ་བཞིན་རང་གི་ཨ་མ་ དང་འདྲ་བའི་ཆོས་ལུགས་ལ་ཡིད་ཆེས་ཟབ་པའི་ཞིང་འབྲོག་མང་ཚོགས་ལ་ཤ་ཚ་ཚད་མེད་ཅིག་ སྐྱེས།ཆོས་ལུགས་ནི་ཡར་རྒྱས་ཀྱི་བཀག་རྡོ་རེད།ལྷ་འདྲེ་གདོན་བགེགས་ནི་བཀས་ བཀོད་རྒྱུན་འཛིན་པས་མི་སེམས་སླུ་བའི་ལག་ཆ་རེད་ཅེས་པའི་མའོ་ཡི་གཏམ་དེ་རྣ་ལམ་ དུ་བྲག་ཅ་བཞིན་འཁོར།ལག་པས་འགྲམ་པ་སྐྱོར་བཞིན་ཅི་ཞིག་ལ་འདང་རྒྱག་གི་ནང་དུ་ ལྷུང༌།

                ཨ་ ཁུ་དགྲ་འདུལ་ནི་གྲུ་བ་ཆུས་ཀྱི་ཆུས་ཀྲང་ཡིན་པ་དང༌།ཆུང་དུས་ནས་ཨ་ཕ་འདས་གྲོངས་ སུ་སོང་ཏེ་ཨ་མ་གཅིག་པུས་གསོ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན། ལོ་དྲུག་ལ་སོན་དུས་དྭ་ཕྲུག་བདག་སྐྱོང་ཁང་གིས་རོགས་རམ་འོག་ཡུལ་མི་ཀུན་གྱིས་ ལྟ་ལོག་ཁང་ཞེས་འབོད་པའི་དར་དམར་སློབ་གྲྭ་རུ་སློབ་འཇུག་བྱས།སློབ་གྲྭ་དེ་རུ་ སློབ་མཐར་ཕྱིན་རྗེས་ཨ་ཁུ་དགྲ་འདུལ་སྔར་དང་མི་འདྲ་བ་ཏང་དང་རྒྱལ་ཁབ་ཀྱི་དོན་ དུ་ཅི་ཡང་བྱེད་ཕོད་ཟེར་མཁན་ཞིག་ཏུ་གྱུར་ཟིན།ངལ་རྩོལ་སྒྱུར་བཀོད་ཀྱིས་མཚོན་ པའི་ཏང་གི་འཛུབ་སྟོན་བཞིན་ལས་དོན་མཐའ་དག་ལ་ཧུར་བརྩོན་ཆེན་པོས་བྱས་རྐྱེན་ སྲིད་གཞུང་གིས་ཆུས་ཀྲང་དུ་བསྐོས།ཁོས་ནམ་རྒྱུན་ཆོས་ལུགས་ཀྱི་ལམ་སྲོལ་གང་ཡིན་ ལ་ཀླ་ཀློ་དང་རྗེས་ལུས་ཀྱི་བྱ་སྤྱོད་རེད་ཅེས་དམོད་ཚིག་བོར་རྐྱང་ཡིན།ལྷག་པར་ དུ་གྲོང་སྡེའི་སྤྱི་རིམ་སོགས་ཀྱི་སྐབས་སུ་ཞལ་འདེབས་སྒོར་ཟུར་གཅིག་སྤྲད་  རྒྱུ་ཕར་ཞོག     ད་ དུང་ཞབས་བརྟན་གྱི་ཆེད་དུ་བཟོས་པའི་གཏོར་མ་འདི་དག་ཟ་མཁན་གྱི་ལྷ་འདྲེ་སུ་ཡང་ མེད་པས།མི་སེར་གྱི་དཀའ་ལས་བརྒྱབ་པའི་རྒྱུ་དངོས་བག་མེད་བྱེད་པ་དེ་ཏང་གི་ ཁྲིམས་དང་འགལ་རབས་བསྙད་དེ་འགོག་ཅི་ཐུབ་བྱེད་ཀྱི་ཡོད།ཡང་ཁོས་དུས་རྒྱུན་གྲོང་ མི་ཚང་མས་སྐྲག་སྐྲག་འདར་འདར་བྱ་སའི་ཀླུ་རྒྱལ་གནས་པ་གྲགས་པའི་སྟག་སྡོང་ཆེན་ པོ་དེའི་འཁྲིས་སུ་མི་སྤྱི་བཏང་པ་ཞིག་ཡོང་ཚེར་གཞན་ཕར་ཞོག་ཐ་ན་སྐད་ཅོ་ཙམ་ཡང་ བརྒྱབ་མི་ཕོད་ཀྱང༌།ཨ་ཁུ་དགྲ་འདུལ་གྱིས་སྐད་སྒྲ་འུར་སྒྲ་དང་བཅས་ཏེ་མེ་མདའ་ ཐེངས་ལྔ་དྲུག་ཙམ་བརྒྱབས་ཀྱང་སོ་ནད་ཙམ་མ་བྱུང་བར་བརྟེན།ཁོས་ལྷ་མེད་སྨྲ་བའི་ སྤོབས་པ་དང་སྐད་ཆ་དག་ཇེ་སྦོམ་དུ་ཕྱིན།དེའི་དབང་གིས་ཆོས་ལུགས་ལམ་སྲོལ་ལ་དམའ་ འབེབ་དང་མཐོང་ཆུང་སྔར་ལས་ཀྱང་ཆེ་རུ་ཕྱིན་པ་སྟེ།ཐེངས་ཤིག་དགོན་པ་ཞིག་གི་ནང་ དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་འགྲོ་སྐབས། འདུ་ཁང་གི་སྦུབས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན་དེ་མཐོང་ནས་ཁོས “ལྷ་དེ་ཡི་མགོ་རུ་རྒྱན་ཆ་འདོགས་སྟངས་ལ་བལྟས་ན་རྫིག་པོ་འདུག་ཀྱང༌། རྐང་པར་ལྷམ་གོན་རྒྱུ་མེད་པ་དེ་ཡ་ང་བ་ཞིག་རེད།ཡཱ་ཡཱ་ངའི་ལྷམ་འདི་ཁྱེད་ལ་ སྦྱིན་ཆོག”ཅེས་ཟེར་ཞོར་དམག་མིའི་འཇུར་རྟ་ཡུ་རིང་ཅན་མར་ཕུད་ནས་ལྷ་ལ་བསྐོན་ གྲབས་བྱེད་དུས་དཀོར་གཉེར་གྲྭ་གཞོན་དེས་མཐོང་ནས་ཁོ་པའི་གདོང་ལ་མེ་ལྟར་འབར་ བའི་འགྲམ་ལྕགས་ཁ་ཤས་གཞུས་འདུགདེ་ནི་ལྷ་སྨྲ་བའི་སྐད་ཆ་ཡིས་རག་པའི་གྱོང་ཐེངས་ དང་པོ་དེ་ཡིན་སྲིད།གང་ལྟར་ཡང་ཨ་ཁུ་དགྲ་འདུལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ ཕྲུག་ཞིག་ཡིན་ཀྱང་བོད་པའི་སྒལ་ཚིགས་ཏིལ་འབྲུ་ཙམ་མེད་པ་མ་ཟད། ནམ་རྒྱུན་དད་ལྡན་མང་ཚོགས་ཀྱི་སྙིང་ལ་ན་ཚ་བཟོ་བའི་བྱ་བ་རྐྱང་རྐྱང་སྒྲུབ་ཀྱི་ ཡོད།ད་དུང་ཆོས་ལུགས་ཀྱི་ཁྲིམས་གཞི་གང་ཡིན་རྩིས་མེད་བཏང་བྱས་ཀྱང་།ཁོ་ཡི་ རྒྱབ་ཏུ་ཏང་དང་སྲིད་གཞུང་ཡོད་སྟབས་མི་ཚོས་རྒྱབ་ཏུ་ཁྱི་རྒན་ཆུས་ཀྲང་བསྙད་ འདོགས་པ་ལས་མདུན་དུ་བུད་ནས་གོ་བསྐོན་སློབ་གསོ་སྤྲོད་ཐུག་མཁན་སུ་ཡང་མེད།

                                                                                  གཉིས་པ།

རྟ་ བདུན་དབང་པོ་ཉིན་གང་བོར་ས་གཞི་ལ་སྣང་བ་སྦྱིན་པས་ཤིན་ཏུ་ངལ་གདུང་གིས་མནར་པ་ བཞིན་དམར་སྒོར་སྒོར་གྱི་ཁྲོ་མདངས་ཅིག་བསྟན་བཞིན་ནུབ་རིའི་ཕྲག་ཏུ་ཡིབ་སོང༌། གཏོར་གཟུགས་བསླངས་པ་ལྟ་བུའི་སྒོང་གསུམ་རི་བོའི་ཁྱོན་ཡོངས་སུ་གྲིབ་ཆེན་པོ་ ཞིག་གིས་གཡོགས།རྫི་བོ་སྣབས་ལུག་ཁ་ཤས་ཀྱིས་ཤིང་འཁུར་ཆུང་ཆུང་རེ་འཁུར་ཏེ། ར་ལུག་སྒོ་ཟོག་རྣམས་དེད་ནས་མཛེས་གླིང་སྒང་པའི་གྲོང་འདབས་མར་བཤར་ཡོང་གི་འདུག སྒོང་གསུམ་རི་བོའི་བྲང་ངོས་སུ་འཐེན་པའི་ལམ་ཕྲན་གྱུ་མ་གྱུ་དེ་ཡི་ངོགས་སུ་ རྒྱབ་ཏུ་མྱེ་མདའ་འཁུར་བའི་ཕོ་གསར་དར་མ་ཞིག་འདུར་མ་རྒྱུགས་ཀྱིས་ཡར་འགྲོ་གིན་ འདུག་པ་དེ་ནི་གྲུ་བ་ཆུས་ཀྱི་ཆུས་ཀྲང་ཨ་ཁུ་དགྲ་འདུལ་རེད། སུམ་མདོའི་ངལ་གསོ་སྟེང་དུ་བསྙེགས་དུས་ངལ་གསོ་ཅུང་བརྒྱབ་ནས་ཐ་མག་ཞིག་རྔུབ་ འཐེན་བྱེད་ཞོར་ཐེ་ཚོམ་ཅི་ཡང་མེད་པར་བཀག་རྒྱ་རི་བོའི་འཕྲེད་ལམ་དེད་དེ་བཙན་ རྒོད་ནགས་ཚལ་དུ་ཕྱིན་སོང༌། རི་བོ་འདིའི་ནགས་ཚལ་ནི་བཙན་ལྷའི་ཕ་གཞིས་སུ་བརྩིས་པས་རྔོན་བསད་པར་འགྲོ་མི་ ཆོག་པའི་བཀག་རི་ཞིག་རེད།

གྲོང་ སྡེའི་མི་མང་བྱིངས་འདིར་རྔོན་བསད་པར་འགྲོ་རྒྱུ་ཕར་ཞོགཤིང་ཐུ་གཅིག་འཐུ་བར་ འགྲོ་མི་ཕོད་ཀྱང་ཨ་ཁུ་དགྲ་འདུལ་ལ་མཚོན་ན་རྔོན་བརྒྱབ་པར་འགྲོ་རྒྱུ་ནི་རྒྱུན་ ལྡན་གྱི་བྱ་བ་ཞིག་རེད། བྱ་བྱེའུ་རྣམས་ཀྱང་རང་རང་གི་ཚང་དུ་ཡིབ་པ་འདྲ། སྐད་སྒྲ་དང་ཅོ་སྒྲ་དག་ལྷིང་འཇགས་གེར་གྱུར། ཤིན་ཏུ་འཛིངས་པའི་ནགས་ཚལ་ཆེན་པོ་འདི་རྒྱུ་ནོར་བོར་བའི་རྒྱལ་བོའི་དཀོར་མཛོད་ བཞིན་དབེན་ཐང་ཐང་དུ་གྱུར། རིམ་བཞིན་ས་གཞི་ཧྲིལ་པོར་མུན་པས་གཡོགས་སོང༌། ཟླ་བ་ཡང་སྤྲིན་གསེབ་ཡིབ་རེས་བུད་རེས་བྱས་ནས་མུན་ནག་ཁྲོད་ཅི་ཞིག་ལ་འཇིགས་ སློང་བ་དང་མཚུངས། འཇམ་ཐིང་ཐིང་གི་ནགས་ཚལ་གྱི་ཁྲོད་དུ་ལྷིང་འཇགས་དཀྲོག་མཁན་ནི་རང་ཉིད་ཀྱི་ རྡོག་སྒྲ་ཁོ་ན་རེད། ཨ་ཁུ་དགྲ་འདུལ་རྒྱུ་མངའ་ཆེ་བའི་གདོང་རྒྱུད་ཞིག་དེད་ནས་གང་ཙམ་སོང་འཚམས།རྒྱབ་ ཀྱི་རི་སྡེབས་སུ་ཅག་སྒྲ་ཆེན་པོ་ཞིག་གྲགས་བྱུང་ཁོ་གློ་བུར་དུ་འགྲོ་མཚམས་བཞག་ སྟེ་རྒྱབ་ཀྱི་མྱེ་མདའ་དེ་ལག་ཏུ་བཟུང་ནས།རྐང་འཇབ་ལག་འཇབ་ཀྱི་ལྐོག་འཇབ་བྱེད་ དུས་ཁ་གཏད་དུ་ཡོད་པའི་བྲག་ལམ་དུ་གླ་བ་དང་ནེའུ་གང་ཡིན་ཆ་མ་འཚལ་བའི་རི་དྭགས་ ཤིག་གསལ་ལ་མི་གསལ་བའི་ཟླ་འོད་འོག་ནག་ཐོར་ཐོར་ལངས་འདུག་པ་རིག ཁོས་ལམ་སེང་བྱང་གོམས་ལྡན་པའི་ཐོག་ནས་མྱེ་མདའ་ཡི་སོར་མོ་རི་དྭགས་ལ་གཏད་དེ་ རྐང་ཁུང་མཛུབ་མོས་ཤུགས་ཀྱིས་མནན་མ་ཐག་སྐག་སྒྲ་གཟན་པོ་ཞིག་ཆུ་ནང་གཉེར་མ་ འཁོར་བ་བཞིན་རི་ལུང་གཅིག་ནས་གཅིག་བར་བྲག་ཅ་ཡིས་འཁྱིལ་སོང་བས། ནགས་ཚལ་གྱི་ལྷིང་འཇགས་ཡོངས་སུ་དཀྲོག དེ་མ་ཐག་རི་དྭགས་དེ་རིལ་གྲབས་འགའ་བྱས་རྗེས་ཅི་ཞིག་དྲན་པ་ལྟར་ལམ་སེང་འོག་གི་ སྡོང་རྒན་གྲིབ་འོག་ཏུ་བྲོས་ཕྱིན་སོང༌། ཁོ་ལམ་སེང་རྒྱུགས་ཐེངས་གཅིག་གིས་སྔར་རི་དྭགས་དེ་ཡོད་སར་སླེབས།གློག་སྒྲོན་ སྤར་ཏེ་བལྟ་སྐབས་ས་ལ་བསྟིམས་བའི་ཤིང་ལོའི་སྟེང་དུ་ཁྲག་དམར་ཆིལ་ཆིལ་གཏོར་ ཡོད་པ་མཐོང༌།ཁྲག་རྗེས་དེད་ནས་གདོང་རྒྱུད་དེ་ནས་ལུང་གཤོངས་ཕྱོགས་སུ་འགྲོ་ བཞིན་པའི་སྐབས་ཁྱིའི་ཟུག་སྐད་དམ་མི་ཡི་སྐད་ཅོ་ཡ་མཚན་ཅན་ཁ་ཤས་རྣ་ལམ་དུ་གྲགས་ བྱུང༌། ཨ་ཁུ་དགྲ་འདུལ་གྱིས་མགོ་བོ་བཀྱགས་ནས་ཕྱིར་བལྟས་དུས་སྐར་ཚོགས་ས་ལ་འཕོས་པ་ ལྟར་གྲོང་ཚོ་ཡི་གློག་སྒྲོན་ཁྲ་ལྷམ་དུ་གསལ།

ཨཱ་ཡ་མཚར་འདི་ན་གྲོང་ཚོ་ཕར་ཞོག་མི་རྐང་གཅིག་ཀྱང་མེད་པས་འདི་ཅི་ཡིན་ནམ། ཞེས་ཁ་ནས་ཤོར། སེམས་ལ་འཚར་སྣང་དང་ཐེ་ཚོམ་དང་བཅས་ཏེ་ལུས།     

            ཁྲག་ཁྲག    ཁྲག ཁྲག་      གློ་ བུར་དུ་རྟ་ཡི་རྨིག་སྒྲ་ཞིག་གྲགས་བྱུང༌། ཨ་ཁུ་དགྲ་འདུལ་གཉིད་ལས་སད་པ་ལྟར་འདྲོགས་ལངས་ཅིག་བྱས། མིག་འབུར་ཚུགས་སུ་བལྟས་ཤིང་རྣ་བར་ལག་པས་སྐྱོར་ནས་ཉན་དུས་མི་མང་པོ་ཞིག་གིས་ རྔོན་པ་དེ་བསད་དང་བཏུབ་ཟེར་བཞིན་རང་ཉིད་ཀྱི་ཕྱོགས་སུ་ཤོར་ཡོང་བར་ཤེས་འཕྲལ། ཁོས་མྱེ་མདའ་ལག་ཏུ་དམ་པོར་བཟུང་ནས་རི་སྡེབས་ནས་མར་ཐུར་རྒྱུག་བྱེད། རྟ་ཡི་རྨིག་སྒྲ་དང་མི་ཡི་སྐད་ཅོ་ཇེ་ཉེ་ནས་ཇེ་ཉེ་སླེབས་ཏེ། མཐར་རླུང་བསྐོར་ཞིག་དང་འདྲ་བའི་གྲིབ་གཟུགས་ཆེན་པོ་ཞིག་ཨ་ཁུ་དགྲ་འདུལ་གྱི་ སྒལ་རྒྱབ་ཏུ་ཐུག་མ་ཐག་རྣ་བར་ཙག་སྒྲ་ཆེན་པོ་ཞིག་གྲགས་ཤིང་མིག་ལམ་དུ་གློག་ འཁྱུག་པ་ལྟ་བུའི་ཁྲ་ལམ་མེར་བྱས་ནས་ནག་ཐོམ་མེ་གྱུར།

                                                                    གསུམ།

 

རྩིབས་ སྡེབས་སུ་ལྕགས་གཟེར་བཙག་པ་ལྟ་བུའི་ན་ཟུག་ལྕི་མོ་ཞིག་གིས་ཨ་ཁུ་དགྲ་འདུལ་ རྒྱལ་ལས་སངས་ཞིང༌། ལྗིད་ཏིག་ཏིག་གི་མིག་སྐྱིན་ག་ལེར་ཕྱེ་དུས། མིག་ངོས་སུ་ཐོག་མར་མངོན་པ་ནི་སྣ་ལེབ་ལེབ།མཆུ་གཏོ་ཤོར་མ།མིག་སྒོར་ལིང་ལིང༌། སྐྲ་དམར་སེར་ཅན་གྱི་ངོ་གདོང་མང་པོས་ཕྲེང་བ་བརྒྱུད་པ་ལྟར་སྒོར་སྒོར་བྱས་ནས་ རང་ཉིད་ལ་རུབ་པ་མཐོང༌། ཁོ་འཇིགས་རྔམས་ཀྱི་སེམས་མགོ་གནོན་མ་ནུས་པར་ཨག་སྐད་ཆེན་པོ་ཞིག་ཤོར། རང་ཉིད་རུབ་པའི་ཡ་མཚན་ཅན་གྱི་མི་དེ་ཚོར་ཡང་འདྲོགས་ཤིག་ལངས་ནས་ཅི་ཡིན་མི་གོ་ བའི་ཅོ་སྒྲ་ཡིས་རི་ལུང་འགེངས། ཨ་ཁུ་དགྲ་འདུལ་ནུས་ཤུགས་གང་ཡོད་བཏོན་ནས་བྲོས་རྩིས་བྱེད་ཀྱང་གཟུགས་པོ་ཡོངས་ རྫོགས་གཟེར་ཟུག་གིས་ཁེངས་ཏེ་འགུལ་བསྐྱོད་ཙམ་ཡང་བྱེད་མི་ནུས་པར་ལུས། གློ་བུར་དུ་རྐང་གླིང་གི་སྒྲ་སྙིང་ལ་ཚ་གཟེར་བཏབ་པ་འགའ་གྲགས་བྱུང༌། ཡ་མ་ཟུང་གི་མི་དེ་དག་གི་ཅ་ཅོ་ལྷག་རླུང་གིས་འདེད་པ་བཞིན་འཇམ་ཐིང་ཐིང་དུ་ འགྱུར། མི་ཚོགས་ཀྱི་དཀྱིལ་དུ་བར་སྟོང་ཆེན་པོ་ཞིག་བྱེས་བྱུང་བ་དང༌། དེའི་བར་དུ་མགོ་ལ་གསེར་ཞྭ་སྒོར་སྒོར་ཅན། དཔྲལ་བའི་དཀྱིལ་དུ་ཐལ་བའི་ཁ་ཁྲམ་བཏབ་པ། མིག་རྩ་དམར་ཞིང༌། སྨིག་མ་དང་གཟེགས་མ་དག་མེ་ལྕེ་འབར་ལྟར་དམར་སེང་སེང་ལངས། ལྭ་བ་སྔོ་ནག་གྱོན་པའི་སྐྱེས་པ་དར་མ་ཞིག་ཁོའི་ཕྱོགས་སུ་སླེབས་བྱུང༌། མཛུབ་མོ་ཨ་ཁུའི་གདོང་ངོས་སུ་གཏད་ནས་སྤྱང་ཀའི་ངུ་རྒྱངས་ལྟ་བུའི་སྐད་སྒྲ་རྣ་ བར་གཟན་པ་ལན་ཁ་ཤས་སྒྲོག་རྗེས་ངར་སྒྲ་དང་བཅས་བཤད་དོན། “ང་ཡི་སྒོ་ཟོག་ལྐོག་གསོད་གཏོང་མཁན་ཁྱོད། དེ་རིང་ངའི་ལག་འོག་ནས་ཐར་མི་སྲིད”ཁོང་ཁྲོ་ཡིས་རྐང་ཀྲབ་ལག་ཀྲབ་དང་བཅས་བཤད། ནམ་རྒྱུན་བརྗིད་ཉམས་ཆེ་བའི་ཨ་ཁུའི་གདོང་ངོས་སུ་ཐལ་སྐྱ་བྱུག་པ་བཞིན་སྐྱ་ཐིང་ ངེ་གྱུར། སྙིང་ཆུང་ལུ་གུ་ལྡིང་ལྡིང་འཕར་བཞིན་ངག་ལྡབ་ལྡིབ་ངང་བྱས་བྱུང་བས་”ངས་ད་བར་ སུ་ཡི་སྒོ་ཟོག་བརྐུས་མ་མྱོང༌’’

   ‘’ཁོ་རེ་ཁྱོད་ཀྱིས་ཅི་བཤད་ཀྱིན་ཡིན། ད་བར་ཁྱེད་ཀྱི་ལག་འོག་ནས་ཤི་བའི་རི་དྭགས་ཚང་མ་ངའི་སྒོ་ཟོག་མིན་ན་ཅི་རེད།’’

             “ཁྱོད་   ཁྱོད་སུ་”             ཚིག་མཚམས་བཅད་ནས་

“ང་ བཙན་རྒྱལ་ཐུ་པོ་ཡིན། ས་འདི་ཡི་སྣོད་བཅུད་ཚང་མ་ང་ལ་དབང༌།” ཨ་ཁུ་དགྲ་འདུལ་གྱིས་རྨི་ལམ་ལྟ་བུའི་བྱུང་བ་འདི་མགོ་རྨོངས་ཤིང་རང་གིས་རང་ལ་ ཡིད་མ་ཆེས་པ་ལྟ་བུའི་ཚོད་དུ་སླེབས། ཡང་བཙན་རྒྱལ་ཐུ་བོ་ཡིས་སྐད་ཤུགས་ཆེན་པོས་”ཁྱེད་ཀྱིས་ད་བར་ང་ཡི་སྒོ་ཟོག་མང་ པོ་བསད་པ་མ་ཟད།ད་ཐེངས་ང་ཡི་གསེར་གྱི་གླ་བ་གཅིག་པུ་དེ་ཡང་བསད་སོང་བས།ངས་ སྡིག་ཅན་ཁྱེད་ཕྱི་མའི་ལམ་དུ་རྫོང་ཐག་ཆོད་ཡིན།“ཞེས་བཤད་རྗེས་ལག་བརྡ་ཤིག་ བརྒྱབ་པ་དང་རལ་གྲི་འབྲུག་རི་ཅན་ཐོགས་པའི་བཙན་ཕྲུག་གཉིས་ཀྱིས་ཨ་ཁུ་དགྲ་འདུལ་ གྱིས་གཡས་གཡོན་ནས་བཟུང་ཏེ་འཁུར་མ་འདྲུད་ཀྱི་མེ་ལྕེ་དམར་ལྷང་ལྷང་འབར་བའི་ སོས་ཕུང་གི་ཕྱོགས་སུ་འཐེན་འགོ་རྩོམ། ཨ་ཁུ་དགྲ་འདུལ་གྱིས་ད་ནི་འཆི་སྲོག་ལ་བབས་སོང་སྙམ་ནས་ཡ་ཁོག་གི་སྙིང་ཆུང་ ལྡིང་ལྡིང་དུ་འཕར་བཞིན་ཁ་ནས་རང་དབང་མེད་པར་སྲོག་སྐྱོབ་རོགས་ཅེས་སྡར་སྐད་ ཤོར། གློ་བུར་དུ་རླུང་བུ་ཞིག་ལྡང་ཏེ་དུད་སྤྲིན་འཕོན་པོ་ཞིག་གི་གསེབ་ནས་གང་ནས་ ཡོང་བ་མི་ཤེས་པའི་རྒན་པོ་མགོའི་སྐྲ་ལོ་དང་སྨིག་མ་རལ་པ་རྣམས་དུང་ལྟར་དཀར་ ཞིང༌། ལྭ་བ་དམར་སྨུག་ཅན། ལག་ཏུ་རྔ་ཡབ་དཀར་པོ་ཐོགས་པ་ཞིག་མངོན་བྱུང༌། རྒན་པོ་དེས་ལམ་སེང་བཙན་རྒྱལ་ལ་གུས་ཉམས་དང་བཅས་ཏེ”ཤ་པོ། ཁྱེད་ཀྱིས་དེ་རིང་ང་ཡི་ངོ་ལ་བལྟས་ནས་ང་ཡི་འབངས་མི་སེར་ཚེ་ཐར་གཏོང་རོགས། ཅེས་ཟེར། བཙན་རྒྱལ་གྱིས་མིག་འབུར་ཚུགས་སུ་ལྟ་བཞིན་ཤ་པོ་རི་ནག སྡིག་ཅན་འདི་མུས་བཞག་ན་གཏན་ནས་མི་འགྲིག་’’ཅེས་ཟེར། སྐབས་དེར་ཨ་ཁུ་དགྲ་འདུལ་གྱིས་ཨ་མས་རྟག་པར་རི་ནག་སྤུན་གསུམ་ལ་བསང་གསོལ་ལོ་ ཞེས་འདོན་པའི་ཚིག་དེ་ཡིད་ལ་འཁོར་ནས་རྒན་པོ་དེ་ཡུལ་ལྷ་རི་ནག་ཡིན་པར་ཤེས་ སོང༌། ཁོས་རྒན་པོ་དེར་ཁ་ཕྱོགས་ཏེ། “ཨ་མྱེས་རི་ནག ངའི་ཚེ་སྲོག་གི་མགོན་དུ་མཛོད་རོགས་”ཞེས་ངུ་ངག་དང་བཅས་ཞུ་བ་འཐེན། ཡང་བཙན་རྒྱལ་གྱི་གདོང་ལ་དྭོགས་མི་བདེ་བའི་སྣང་ཚུལ་ཞིག་མངོན་བཞིན་སྐད་གདངས་ དམའ་པོའི་སྒོ་ནས་”ང་ཚོའི་བཙན་གྱི་ཁྲིམས་སྲོལ་ལྟར་ན།ཉེས་ཅན་གྱི་ཚེ་སྲོག་ བསླུ་ཡོན་དུ་སྙིང་ཞིག་གཏའ་མ་འཇོག་དགོས་ཀྱི་ཡོད།“ཅེས་སྐད་ཆ་ཡི་འཇུག་མ་རྫོགས་ གོང་ནས་རྒན་པོ་རི་ནག་གིས་སོན་མོ་ཤུགས་ཀྱིས་རང་གི་བྲང་ཁར་བསྣུན་འགོ་རྩོམ་ སོང༌།བཙན་རྒྱལ་གྱིས་མིག་ཆེས་ཆེར་བགྲད་ནས་གདོང་མདོག་དམར་སྨུག་ཏུ་འགྱུར་ཏེ། ལག་པས་རི་ནག་གི་ལག་པ་འགོག་བཞིན་སྐད་ཤུགས་ཆེན་པོས་”སྡིག་ཅན་ཁོ་གློད་”ཅེས་ བསྒྲགས། ཨ་ཁུ་དགྲ་འདུལ་རི་དྭགས་རྙི་ལས་ཐར་པ་བཞིན་གོག་མ་ལངས་ཀྱི་རི་ནག་གི་ཉེ་སར་བཅར་ བྱུང༌། རི་ནག་གིས་ཐལ་མོ་སྦྱར་ཏེ་བཙན་རྒྱལ་ལ་ཁ་ཕྱོགས་ནས་ཅི་ཡིན་ཆ་མི་འཚལ་བའི་གླུ་ དབྱངས་འདྲ་བ་ཞིག་ལེན་རྗེས། རྔ་གཡབ་དཀར་པོ་དེ་ཨ་ཁུའི་མགོ་ལ་བཞག་མ་ཐག་ཤུ་སྒྲ་དང་བཅས་སྐར་མདའ་འཕེན་པ་ བཞིན་རྒན་པོ་རི་ནག་དང་ཨ་ཁུ་དགྲ་འདུལ་གཉིས་ཇེ་ཆུང་ནས་ཇི་ཆུང་སོང་ཏེ་མཐར་མི་ མངོན་པའི་དབྱིངས་སུ་ཐིམ་སོང༌།