རྨི་ལམ་ལ་གདོང་གཏད་ནས་ངུ་མ་མྱོང་།

རྨི་ལམ་ཡུན་གཅིག་འཁྲབ་ཚན་འགྱུར་པའི་སྐབས།།

ཁོ་བོ་འཁྲབ་སྟོན་གྲས་ནས་ཕྱིར་ཕྱུང་ཟིན།།

འཁྲབ་འཁྲབ་རྔ་བོ་ཆག་པའི་སྔ་གཞུག་ཏུ།།

ང་ནི་ལྟད་མོ་ཟུར་གྱི་མིག་ཟུང་ཡིན།།

 

འཁྲབ་ཚན་ལན་དུ་འཁྲབ་ཚན་བྲིས་པ་དང་།།

འཁྲབ་སྟོན་ལན་དུ་འཁྲབ་སྟོན་བྱས་པ་དག།

ཉི་མས་འཇིག་རྟེན་བསླངས་པའི་རྟགས་ཡིན་པས།།་

རྨི་ལམ་དཀྲོག་པའི་སྐད་དེ་ཕྱི་དྲགས་སོང་།།

 

ཨག་སྐད་ལྟ་བུའི་ཨག་སྐད་རིང་པོ་དེ།།

ང་ལ་མཚོན་ན་དགོང་ཁའི་བྲག་ཅ་ཡིན།།

བྲག་ཅ་མཁའ་ཡི་མཐའ་ནས་མ་མཆེད་ཀྱང་།།

ཁོ་བོས་ཉི་མར་རོལ་ནས་ཉལ་ངེས་ཡིན།།

 

སྒོ་བྱང་ཕྱོགས་བཅུར་ཕྱོགས་པའི་ཞོགས་པ་ནས།།

གོ་ལའི་ས་བཀྲ་ཡོད་ཚད་ངེས་ཟིན་པས།།

ཁྱེད་ཀྱིས་རྔ་བོ་འདི་ཉིད་མ་བརྡུང་ཡང་།།

ལམ་གྱི་འཐུག་སྲབ་ཡོད་ཚད་ཤེས་ཚོད་ཡིན།།

 

རྨི་ལམ་ཁ་དོག་སྟོང་པའི་གཏམ་རྒྱུད་ཁྲོད།།

རྨི་ལམ་རྨི་ལམ་ཡིན་པར་ངེས་ཟིན་པས།།

བན་རྒན་ཕོ་བ་རྡོ་ལ་འབྱར་ན་ཡང་།།

རྨི་ལམ་གདོང་པ་གཏད་ནས་ངུ་ངེས་མིན།།

 

སྨུག་པས་རི་བོའི་རྩེ་མོར་ཟོས་ཡིན་ནམ།།

ཤོག་ཐོག་སྨུག་པས་རི་བོར་འགེབས་ཡིན་ནམ།།

རྨི་ལམ་གཏན་བྲལ་སོང་པའི་བྱེ་ཐང་སྟེང་།།

རྨི་ལམ་བཙན་ཚུགས་བྲིས་དེ་འཕངས་པའི་གཞི།།

 

འཇའ་མཚོན་མཁའ་མཐར་ནུབ་པའི་དུས་སྐབས་ནས།།

དུང་དཀར་དུང་དཀར་ཉིད་དུ་གྱུར་ཟིན་པས།།

མུན་པས་དབང་བསྒྱུར་བྱས་པའི་ས་འཁོབ་ན།།

ད་ཡང་སྐྱ་རེངས་མ་འཆར་རྟེན་འབྲེལ་ལྡོག།

 

 

གླུ་སྐད་བྲག་ལ་བརྡབ་པའི་ཉེན་བརྡ་ཡིས།།

གནམ་ས་ཡོད་ཚད་མལ་ལས་ལྡང་ཟིན་ལ།།

རྨི་ལམ་ལྟ་བུ་ལམ་ལ་འགྲོ་སྟངས་དེ།།

ནམ་ཡང་རྨི་ལམ་ཞིག་གི་གོ་རིམ་ཡིན།།

 

 

དྲི་མེད་ལྷ་རྫས་དཀར་པོ་ཡུག་གཅིག་ལ།།

གླིང་བུ་སྟོང་གིས་དཀྲོལ་སྟངས་སྟོང་བྱས་ཀྱང་།།

གནམ་གྱི་ཁྲིམས་ཡིག་ནག་པོས་གཅུན་སྟངས་དེས།།

ཤིང་ཐོག་འཛེར་མ་བརྡུང་པའི་རང་བཞིན་འབུས།།