འཆམ་ར་མགོ་ཐོག་གི་ང་ཚོ་་་་་་་

 

གློག་ལམ་ཡུན་གཅིག་འགག་པའི་རྐྱེན་ངན་གྱིས།།

འབའ་པ་དྲ་བར་བྱེས་བའི་མཚན་གཅིག་ཡུན།།

འཆམ་རའི་གཉའ་བར་གནོན་མཁན་མེད་པས་ན།།

བྱེད་སྟངས་འདྲ་མིན་ཞིང་ཁམས་འདི་ཉིད་དཀྲུག། 

 

བྱིས་པས་བསྟན་བཤིག་རྩེད་པར་གཤིས་ཡིན་པས།།

དེ་མུར་བཞག་ན་སྐྱོན་མེད་ལབ་སྲིད་ཀྱང་།།

ཆུང་དུས་གོ་སྐོན་སློབ་གསོ་མ་སྤྲོད་ན།།

ལོར་སོན་བྱ་ངན་ལང་དུ་ཤོར་ཡང་སྲིད།།

 

ཆོས་བཟང་དྲན་རིག་རྒོད་པོའི་འགུལ་སྟངས་ལ།།

སངས་རྡོར་ལྷག་བསམ་དར་གྱིས་འདེགས་སྟངས་ཀྱིས།།

ཀུན་སྨོན་ཤམྦྷ་ལ་ཡི་ཞིང་ཁམས་ཀྱི།།

སྣོད་བཅུད་བཀོད་པ་མིག་གི་བཅུད་དུ་བབས།།

 

རྒྱ་བོད་རིགས་པའི་དྲག་རྩལ་ཀུན་འཇོན་གྱི།།

རྒྱར་སྡང་བོད་གཉེན་དཔའ་མོ་གངས་ལྷ་ཡིས་།།

དཔྱོད་ཤེས་གོ་ཚོན་གནས་འདིར་དྲངས་པ་ན།།

ཤམ་བྷ་ལ་ཡི་ལང་འཚོ་སྔར་ལས་དར།།

 

འདི་ལྟར་ལང་ཚོ་དར་པའི་ཤམབྷ་ལའི།།

གྲགས་སྙན་གོ་ལ་ཟླུམ་པོ་ཁྱུག་པ་ན།།

གཞན་གྱི་སྒོ་ཁར་ཁྱི་བཞིིན་ཉལ་པ་ཡི།།

འཆམ་ར་སྨྱོན་པ་གནས་འདིར་བསྐྱབས་བཅོལ་བསླེབས་།།

 

འདོད་རྒུ་ལོངས་སྤྱོད་འཛོམས་པའི་གནས་མཆོག་ནས།།

ལུས་ཀྱི་ལང་ཚོ་ཅུང་ཙམ་རྒྱས་པ་ན།།

རིགས་ལྡན་རྒྱལ་བོ་ཡེ་ཤེས་ཆོས་བཟང་དང་།།

ཉི་མ་ཤིང་རྟ་སངས་རྒྱས་རྡོ་རྗེ་སོགས།།

 

ཤམྦྷ་ལ་ཡི་རྒྱལ་བློན་ཐམས་ཅད་ལ།།

ངན་སྨྲས་མདའ་མཚོན་གང་བྱུང་འཕེན་བྱས་ནས།།

དམར་ཆུང་སྙིང་གི་གསང་བའི་སྦུབས་མཛོད་ནས།།

ཤམྦྷ་ལ་ཡི་རྒྱལ་སྲིད་འཕྲོག་འདོད་སྐྱེས།།

 

ཡོད་ཚད་མིག་གི་ངོགས་ན་བྱིས་པ་ཡི།།

གཟུགས་ཀྱི་དྭངས་མར་བཞེངས་པའི་འཆམ་ར་བ།།

སུས་ཀྱང་ཁོ་བོར་གཅེས་ལངས་བཏང་པ་ན།།

རང་ཉིད་དཔའ་བོར་སྙམ་པའི་ངར་ཞིག་ལངས།།

 

ཁོ་བོ་དཔའ་བོར་སྙམ་པའི་ངར་ལངས་ཀྱིས།།

ཤམ་བྷ་ལ་ཡ་ལག་སྟེང་ཡོད་སྙམ་སྐྱེས།།

འདི་ལྟར་ལོག་ཤེས་ཕྲ་མོའི་་འགུལ་སྟངས་ཀྱིས།།

ལ་ལུང་ཡོད་ཚད་ཀི་སྒྲ་བསོ་སྒྲས་དཀྲོག

 

འོན་ཀྱང་དེ་དག་རྨི་ལམ་རང་ཡིན་པས་།།

གཉིད་ཀྱི་ཞིང་ནས་མགྱོགས་པོར་ཡར་ལྡང་ནས།།

ཁྱེད་ཀྱི་མགོ་བོ་སྟེང་གི་བེར་འབའ་དང་།།

གངས་ལྷ་མཛེས་མའི་ཞལ་གྱི་དཀྱིལ་འཁོར་སོགས།།

 

ཡོད་ཚད་དད་པའི་ངོགས་སུ་དྲངས་བྱས་ནས།།

རིགས་པའི་དངོས་གྲུབ་དུས་ནས་དུས་བསླང་དང་།།

ལྷ་མཆོག་གང་དག་མཉེས་བཞིན་བཟུང་སོང་ན།།

ཁྱེད་ཉིད་མུན་པའི་གླིང་ནས་གྲོལ་ཡང་སྲིད།།

 

རང་ཉིད་རང་གིས་བཀྱགས་པའི་བྱ་ཚུལ་དེ།།

གཞན་གྱི་རྐང་འོག་ཡོད་པའི་དཔང་རྟགས་ཡིན།།

རང་ཉིད་གནམ་ཐོག་ཡོད་པའི་རྨི་ལམ་དེ།།

ད་ལྟར་བྱིས་པ་ཡིན་པའི་གཏན་ཚིགས་ཡིན།།

 

དེ་རིང་བྱ་བྱེད་ཅུང་ཟད་འཚུབ་ན་ཡང་།།

བྱིས་པར་གོ་ཡངས་བཏང་པའི་རྩ་ཁྲིམས་འོག

དེ་རིང་ཐེངས་གཅིག་ཚེ་ཐར་བཏང་ཡོད་པས།

རྗེས་སུ་འདི་ལྟར་བྱ་ན་གནང་བ་མེད།།

 

བྱིས་པ་སོན་རྒྱུ་མེད་པའི་འཆམ་ར་བ།།

ཁ་ལ་བདག་པོ་མེད་པའི་འཆམ་ར་བ།།

རྨི་ལམ་མངོན་སུམ་བཏགས་པའི་འཆམ་ར་བ།།

ལག་པ་སྡོད་རྒྱུ་མེད་པའི་འཆམ་ར་བ།།

 

ཁྱེད་ཀྱིས་ཞིང་ཁམས་འདི་ཉིད་དཀྲོག་ན་ཡང་།།

གངས་ལྷ་བེར་སོགས་ཁྱེད་ཀྱི་མགོ་ཐོག་གི།།

སེམས་དཔའ་གང་དག་ཁྱེད་ལ་སྙིང་རྗེ་ནས།།

མ་མཐོང་བཏང་སྙོམས་གནས་སུ་བཞུགས་ན་ཡང་།།

 

བྱིས་པའི་འཚུབ་ཁ་གཤིས་ཀར་ཐིམ་དོགས་ཀྱིས།།

སེམས་ཁྲལ་ཨུ་ཚིགས་བརྒྱ་ཡིས་སྐུལ་ལུགས་ཀྱིས།།

འབའ་པའི་བུ་རྒོད་ལྡིང་སྐོར་བྱེད་ཞོར་དུ།།

ལྕགས་ཚན་དཀར་པོས་མགོ་ལ་ལན་གཅིག་བྲབས།།

དགུང་ཇ་འཐུང་ཞོར་ཤར་མར་བྲིས་ནས་དྲ་ཐོག་སྤེལ་པའོ།