མ་བུ་ལྷན་འཛོམས།

 

མི་ལོ་བཅུ་ཡི་ཡར་སྔོན་ཏེ་སྤྱི་ལོ་༡༩༩༩ལོར་རྒྱ་གར་ནས་གཉེན་འཕྲད་དུ་ཕེབས་པའི་དགེ་བཤེས་ཤིག་ལ་ང་ཡི་ཕ་མ་གཉིས་ཀྱིས་ཞུ་བ་ཡང་ཡང་འཐེན་པ་ལྟར་་ལོ་བཅོ་ལྔར་སོན་མ་ཐག་པའི་བུ་ཕྲུག་དེ་རིག་པ་སློབ་པའི་ཕྱིར་དུ་ཁོང་གིས་རྒྱ་གར་དུ་ཁྲིད་འཐུས་པའི་ཁས་ལེན་བྱས།གངས་དང་འཁྱགས་པ་ད་དུང་མཐའ་སྲུང་དམག་གི་འཇིགས་རྔམས་ཀྱི་ཁྲོད་དུ་རང་ཉིད་མི་འཁྱོག་པའི་དཀའ་སྡུག་གི་ཁུར་བུ་ཕྲག་སྟེང་དུ་འཁུར་ཏེ་རྒྱལ་ཁམས་པའི་ལེའུ་ཡི་འགོ་བརྗོད་འབྲི་འགོ་རྩོམ།མ་སེམས་མར་བུ་སེམས་རྡོ་ཡིན་པའི་ལྟ་ཚུལ་ལྟར་བྱས་ན་བུ་ཆུང་གི་རྒྱབ་ཏུ་ཅེར་པའི་ཨ་མའི་ཁོག་ཏུ་ཡང་བཟོད་མི་ཐུབ་པའི་དཀའ་སྡུག་ཇི་ཙམ་ཡོད་དམ།བརྗོད་མི་ཚར་པའི་དཀའ་ཁག་མང་པོ་ཞིག་རྒྱུད་ནས་མི་ཡི་གཞི་རྐང་མ་ལོན་པའི་བུ་ཆུང་དེ་ད་བཟོད་ཧི་མ་ལ་ཡི་རྒྱབ་ཏུ་ལྷུང་སོང་།དུས་དེ་ནས་མ་བུའི་འབྲེལ་ཐག་ནི་སེམས་བསམ་པའི་སྟེང་གི་དྲན་གདུང་ཙམ་དུ་གྱུར།གཉོམ་ལག་མ་རྒྱས་པའི་བུ་ཆུང་དེ་ས་མཐའི་ཡུལ་དུ་གཞི་རྐང་འཛིན་མ་ཐུབ་པའི་ངལ་བ་ནང་དུ་ཨ་མའི་མཚོན་མདོག་སྔར་བས་ཀྱང་གསལ་བ་མྱོང་།ཧི་མ་ལ་ཡི་ཕ་རོལ་ཏུ་ལུས་པའི་མ་ལོས་བུ་ཆུང་འབོད་པའི་མིག་ཆུའི་བཞུར་ཚད་དེ་སུས་བཤད་ནུས་སམ།་དེ་ལྟ་བུའི་མ་སྐྱེས་དྲན་པའི་མིག་ཆུ་མ་སྐེམ་པའི་དུས་དེར་གློ་བུར་དུ་དྷ་ས་ན་མཇལ་འཛོམས་ཀྱི་དུས་ཤིག་ཤར།འོན་ཀྱང་དེ་རིང་ང་ཡི་མིག་ངོགས་ཀྱི་སྐྱེས་མ་ནི་ལང་ཚོ་དར་བའི་སྨན་ཤར་དེ་མིན་པར་ངོ་གདོངགཉེར་མས་ཁེངས་པའི་དར་མ་ཞིག་རེད་།ཐོག་དང་པོར་ཕྲད་མ་ཉིད་ནས་ཚིག་གཅིག་ཀྱང་བཤད་དབང་མེད་པར་ཁོ་བོར་འཐམ་ནས་མིག་ཆུའི་ཕྲེང་ཐག་ཆད་པ་ལྟར་བཞུར།འདི་ནི་མི་ལོ་བཅུ་ཕྲག་གི་རྗེས་སུ་མ་ལོའི་དྲོད་འཁོལ་ཐོབ་པ་དང་པོ་རེད་ལ།མ་བུ་མཇལ་འཛོམས་ཀྱི་ཐོག་ཆང་ཡང་རེད།མ་བུའི་མཇལ་འཛོམས་ཐེག་ཟུག་གི་གཤིས་སུ་གནས་པར་ཤོག