ཁ་སང་ དེ་རིང་  སང་ཉིན།

 

                                   ༡ ཁ་སང་བོད་པས་ནམ་ཡང་མི་གླེང་།

རྒྱ་ནག་དང་བོད་གཉིས་མདུན་ལྕོག་གཅིག་གི་སྟེང་དུ་ཚོང་ནམ་བསྒྲིགས་ལ་བོད་པ་ཚང་གིས་ཁ་སང་ནི་ནམ་ཡང་མི་གླེང་ཟེར།ཁ་སང་ནི་རྒྱབ་ཏུ་སྐྱུར་པའི་ཐལ་བའི་ཕུང་པོ་རེད།ཁ་སང་གིས་ང་ཡི་རྨི་ལམ་བསྐྲུན་མི་ཐུབ་ཟེར།རྒྱ་ནག་གིས་ཁ་སང་ནི་ང་གཉིས་ཚོང་གི་མ་རྩ་ཡིན་པས་མ་རྩ་མེད་པར་ཚོང་ཇི་ལྟར་བརྒྱབ།ང་གཉིས་ཚོང་རྒྱག་པར་ཁ་སང་མདུན་ལྕོག་སྟེང་དུ་ངེས་པར་དུ་འཇོག་དགོས་ཟེར།ནམ་རྒྱུན་བོད་པ་ཚང་གི་མི་ཆེ་འབྲིང་ཆུང་གསུམ་གྱིས་ཁ་ནས་མ་ཎི་ལྟར་བགྲང་པའི་ཚིག་གཅིག་ཡོད་པ་ནི་བདེན་པའི་སྟོབས་ཤུགས་ཞེས་པ་དེ་རེད།ད་དུང་བདེན་པའི་སྟོབས་ལྡན་ན་སུ་དང་གང་ལའང་འཇིགས་མི་དགོས་ཀྱང་ཟེར།འོ་ན་ཁྱོད་ཀྱིས་ཁ་སང་གི་གཏམ་རྒྱུད་གླེང་པར་ཅིའི་ཕྱིར་འཚེར་སྣང་བྱེད་པ་ཡིན།ཁྱེད་ལ་བདེན་པའི་སྟོབས་ཤུགས་མེད་སོང་པ་རེད་དམ།ཡོད་ཀྱང་གཡོ་ཟོལ་གྱི་གཏམ་རྒྱུད་གླགས་མི་རྙེད་པ་རེད་དམ།དེས་ན་ཁྱེད་ལ་ལག་ཆ་བདེན་པའི་སྟོབས་ཤུགས་རང་ལས་མེད་པས་དེས་ཁྱེད་ཀྱི་རྨི་ལམ་མངོན་དུ་འགྱུར་ཐུབ་པའི་ནུས་པ་དང་རེ་བ་མེད་ན་ཁྱེད་ཀྱི་རྨི་ལམ་དུ་རྟག་ཏུ་འཁོར་བའི་སང་ཉིན་གྱི་གངས་ཅན་དེ་ཇི་ལྟར་བཞེངས་ཐུབ།མ་གཞི་ཁྱེད་ཀྱི་སང་ཉིན་འབོད་པའི་རྨི་ལམ་གྱི་རྒྱབ་ལྗོངས་དང་ནུས་ཤུགས་དེ་ཁ་སང་མ་ཡིན་ནམ།ཁ་སང་ནི་སང་ཉིན་གསལ་ཤོས་ཤེས་པའི་གཏན་ཚིགས་གཅིག་པུ་དེ་མ་ཡིན་ནམ།ཁ་སང་ལས་གཞན་པའི་ཁྱེད་ལ་གནས་ལུགས་གང་གིས་སང་ཉིན་གྱི་ལམ་སྣེ་འཁྲིད་ཐུབ་བམ།

 

                                                                     ༢རྒྱ་བོད་གཉིས་ཀས་དེ་རིང་གླེང་པར་དགའ།

རྒྱ་བོད་གཉིས་སུ་ཡིན་ཡང་རྐུབ་སྟེགས་སྟེང་ནས་ཁ་གསར་ལམ་ལ་ཕྱོགས་མ་ཉིད་ནས་དེ་རིང་གི་བོད་གླེང་བར་དགའ་བ་ཙམ་དུ་མ་ཟད་ཁ་སུ་མགྱོགས་ལྟ་བུའང་ཡིན།རྒྱ་ནག་གིས་ཞིང་བྲན་ལམ་ལུགས་འོག་གི་བོད་ནི་ནམ་ཡང་མུན་ནག་རེད།སྐར་ལྔའི་དར་དམར་འོག་གི་བོད་ནི་བདེ་ལྡན་གྱི་ཞིང་ས་ཡིན།དེར་འཚོ་བའི་སྐྱེི་འགྲོ་རྣམས་ནི་བདེ་དགའ་ལ་རོལ་ཅིང་།མེས་རྒྱལ་ལ་དགའ་ཞེན་དང་།ཏང་ལ་བརྩེི་སེམས་ཡོད་ཟེར།བོད་པ་ཚང་གིས་དེ་རིང་གི་བོད་ཀྱི་སྐེ་བསྡམས་ཡོད།མིག་འབྲས་བཏོན་ཡོད།རྐང་ལག་སྒྲོག་ཡོད།དེ་རིང་བོད་ནི་མི་ཡུལ་གྱི་དམྱལ་བ་རེད་ཟེར།ཕྱོགས་གཉིས་ཀ་ལ་དེ་རིང་གི་བོད་ཀྱི་མཚོན་མདོག་སྟོན་སྟངས་གཅིག་ལས་གཅིག་སྙན་གྱི་གཏམ་རྒྱུད་རེ་འཆད་འདུག་པས་གནས་ལུགས་ལག་པས་སྙོབ་མི་མྱོང་བའི་མི་ཞིག་ཡིན་ན་སུ་ལ་བདེན་ཁ་སྤྲོད་སྟངས་མ་ཤེས་པའི་ཚད་ཡིན་ཡང་།སྟོང་ལོ་གསར་པ་ཤར་ནས་བཟུང་ཏེ་འདབ་གཤོག་གཉིས་ལྡན་གྱི་སེང་ཕྲུག་མང་པོ་མང་པོས་གངས་རིའི་རྩེིནས་ཁ་འཛམ་གླིང་ལ་གཏད་ནས་ང་ཚོའི་མིག་འབྲས་བཏོན་སོང་།ང་ཚོའི་ཁ་་བཀབ་སོང་།ང་ཚོའི་གནས་མལ་འཁྱགས་སོང་ཅེས་པའི་གནས་ལུགས་ཀྱི་གླུ་དབྱངས་དེས་ཕྱོགས་གཉིས་ཀྱི་བཤད་པའི་གཏམ་ལ་རྒྱུད་ལྕི་ཡངས་མཇལ་ཡོད།

                                                                         ༣ སང་ཉིན་རྒྱ་ནག་གིས་ནམ་ཡང་མི་གླེང་།

བོད་པ་ཚང་གི་རྨི་ལམ་དང་འབོད་པ་ཡོད་ཚད་ནི་སང་ཉིན་ཡིན།ཁོ་ཚང་གི་ཕ་ཁུ་མང་པོ་ཞིག་སང་ཉིན་གླེང་བཞིན་བཞུར་ཚར་སོང་།ཁོ་ཚོའི་ཚ་བོ་ཚ་མོ་རྣམས་ཀྱིས་རེ་བས་ཕུང་པའི་གནས་ལུགས་ཤེས་ན་ཡང་རང་གི་ཡབ་མེས་བཞིན་ཡིད་ཐང་ཆད་རྒྱུ་མེད་པར་སང་ཉིན་བསམ་བཞིན་སང་ཉིན་གླེང་།འོན་ཀྱང་སང་ཉིན་ལག་འོག་ཏུ་སྦས་པའི་རྒྱ་ནག་གིས་ཁྱེད་ཀྱིས་རྟག་ཏུ་སྨྲས་པའི་སང་ཉིན་ཟེར་བ་དེ་དེ་རིང་རང་རེད།དེ་རིང་ལས་གཞན་པའི་སང་ཉིན་ཟེར་བ་མེད།ཁྱེད་སང་ཉིན་ཟ་འདོད་ན་རང་ཉིད་ཀྱི་ལྕེ་དང་མིག་གཉིས་བཀོག་ཏེ་ང་ཡི་པང་དུ་ཤོག་ཟེར།རེ་བས་ཕུང་ཞིང་རེ་བས་བཏེགས་པའི་བོད་པ་ཚང་གི་ལྷ་བསངས་ཀྱི་དུ་ལོང་ཁྲོད་ན་ལྷ་སྲུང་མགོན་དུ་བཀུག་ནས་སང་ཉིན་འབོད།གསར་འགྱུར་གྱི་མདུན་ངོས་བུད་དེ་མི་སྲུང་རོགས་སུ་འབོད་དེ་སང་ཉིན་འབོད།ཡིན་ན་ཡང་མཐར་འབྲས་བསམ་ཡུལ་འདས་པ་ཞིག་བྱུང་བ་ནི་རང་ཉིད་ཀྱི་མགོན་དུ་སུ་ཡང་མ་རག དེར་བརྟེན་བདག་ཉིད་བདག་གི་མགོན་དུ་བཞེངས་དགོས་པའི་བསམ་བློའི་རིན་ཐང་ལྡན་པའི་མི་བུ་ཁྱུ་གཅིག་གློ་བོར་དུ་བཞེངས་བྱུང་བས་ང་དང་ང་འདྲ་བའི་གནས་ལུགས་རྙིང་པ་ལ་ཡིད་ཐང་ཆད་པའི་མི་བུ་མང་པོའི་སེམས་ལ་ཡང་དྲོད་ཐིགས་འཕོག ངས་རྟག་ཏུ་འཁང་རའི་སྒྲིབ་པ་ལས་གྲོལ་ཞིང་བོད་ཀུན་གྱི་སེམས་ལ་ཁྱབ་ཐུབ་པའི་གསོལ་འདེབས་བྱེད་ཀྱི་ཡོད།འདི་དག་ནི་ང་ཚོའི་ལྷ་སྲུང་དང་རོགས་མགོན་རྣལ་མ་དག་རེད།ཟླ་གསོལ་བཏང་ན་ཁོ་ཚོར་བཏང་རོགས།བཀའ་དྲིན་ཞུ་ན་ཁོ་ཚོར་ཞུ་དགོས།།