ཟགས་ལ་ཉེ་བའི་མགོ་ཐོག་གི་ཕ་བོང་།།

                                                             ་་་་་་་་་་་ འོས་བསྡུའི་འུར་ཟིང་ལ་སྦྱར་བ།

 

 

འདམ་པ་བསྟིམས་པའི་གྲུ་ཟུར་ཞིག་ན་རྐང་སྟེགས་བོར་པའི་ཉི་མ་འཆར།།

ཉི་མའི་འོད་ཀྱི་དྲོད་སྐྱིད་འོག་ན་ཚེ་སྲོག་མང་པོ་གཡོ་འགུལ་བྱས།།

མིག་ཁར་གཏུགས་པའི་བདེ་སྣང་སྐྱེན་པོས་བགྲོད་ཟིན་ལམ་བུ་སེམས་མཐར་ཡལ།།

བཟོད་གླགས་བྲལ་བའི་འདམ་རྫོབ་བསྔོགས་ནས་རྐང་པ་ཕན་ཚུན་གནོན་རེས་བྱས།།

 

རྐང་སྟེགས་འདམ་ལུང་ཇི་ལྟར་དོག་ཀྱང་སྲོག་ལྡན་རེ་རེས་གནམ་རེ་བཟུང་།།

ནམ་མཁའ་མང་པོ་གཅིག་ཏུ་སྤུངས་པས་ཁོར་ཡུག་མཁུན་སྒྲ་ཇེ་ལྕིར་སོང་།།

ནམ་མཁའ་ཕན་ཚུན་གཙིར་གནོན་འཚུབ་པོས་རོལ་དབྱངས་སྙན་མོའི་ཤུལ་རྗེས་བརླག།

རོལ་དབྱངས་ཡལ་པའི་ཉི་འོད་དྲོ་ཡངབསམ་པའི་་མདོ་ན་ཁ་ཆར་བཞུར།།

 

བྲག་ཅ་ཕེབས་པའི་ཤུལ་ལམ་དག་ན་ངོ་ཚོགས་སྟོང་གིས་གཟི་མདངས་ངོམས།།

གནམ་གཤིས་འཚམས་པའི་གླུ་དབྱངས་འདྲ་མིན་རྣ་བའི་ངོགས་ན་ཆད་མེད་གྲགས།།

གནམ་མཁའ་རྒན་མོ་མགོ་སྟེང་འཁུར་ནས་ངུ་འབོད་དགའ་བའི་གོ་སར་འཇོག།།

ཉི་མ་དྲོད་མོ་འབོད་སྟངས་དེ་དག་དོན་དངོས་ཉི་མ་འབོད་ཐུབ་བམ།།

 

ཉི་མ་འབོད་པས་ཉི་མ་དཀྲོག་པའི་གཏམ་རྒྱུད་སྐྱ་བོའི་མཆན་འོག་ན།།

ཚོན་མདངས་མེད་པའི་ཚེ་སྲོག་མང་པོ་རླུང་གིས་བདས་པའི་ཤོག་བུ་བཞིན།།

ལྡིར་སྒྲ་གང་ཡོད་ཤར་བསྐྱོད་བྱས་ནས་མི་རབས་ཤིག་གི་གནས་མལ་བཟུང་།།

བཞུར་སྒྲ་གང་ཡོད་མགོ་བཀྱགས་ནས་བཅོས་མིན་འཛུམ་གྱིས་དགའ་འབོད་བྱས།།

 

ཐོ་རེངས་བྱ་ཕོས་དབུགས་རིང་གཏོང་ཞོར་སྐད་ཅིག་མ་ཡི་བརྡ་བརྒྱབ་ཀྱང་།།

ཚོན་ཁྲས་འཁྱིལ་པའི་དག་ཞིང་དག་ན་འཕུར་ལྡིང་རོལ་པའི་བྱེའུ་ཚོགས།།

མིག་ཟུང་རྐང་པའི་སྣེ་རུ་བཏགས་ནས་ཅི་ཞིག་དབྱིངས་སུ་རྩེན་པ་ལས།།

རྣ་བས་གླན་ནས་འཕར་སྒྲ་ཉོན་པའི་སྣང་བརྙན་གསོན་པོ་བཞེངས་རེ་བྲལ།།

 

འཛུམ་མདངས་ཡལ་པའི་ངོ་གདོང་མང་པོས་བཅོས་མའི་འཛུམ་གྱི་གསང་ལམ་ནས།།

འོད་དུ་འཚེར་པའི་སྔ་རྗེས་གཉིས་ཀར་མིག་ཉུལ་ཙམ་ཡང་མ་བྱས་པར།།

སྙིང་ངོས་འཆར་པའི་ཕོ་བྲང་སྨུག་པོའི་བཀྲ་མདངས་ཁོ་ན་འབོད་པ་ཡིས།།

གངས་རིའི་མགོ་བོ་ས་ལ་བསྟིམས་པའི་གཏམ་རྒྱུད་གསོན་པོའི་གླེང་གཞི་བྲིས།།

 

མགོ་བོར་ཧྲིལ་པོར་ཁྲག་གིས་སྦགས་ཀྱང་ན་ཟུག་སྙིང་ནས་ཡལ་པ་ཡི།།

མིག་དང་རྣ་བ་རྒྱབ་ཏུ་བོར་པའི་ཉི་མ་གྲོང་གི་མི་ཚོགས་རྣམས།།

སྣང་བ་ནུབ་པའི་མུན་ཁམས་སྟུག་པོས་མདུན་ལྗོངས་ཡོད་ཚད་སྒྲིབ་པ་བཞིན།།

དཔེ་གསར་བརྩིས་པའི་འུར་ཟིང་ཁྲོད་ན་ཕྱིར་བལྟས་མེད་པར་མཆོངས་བསྐྱོད་བྱས།།

 

ད་ཐེངས་དམག་སར་བསྐྱོད་སྟངས་འདི་ནི་མགོ་བོ་ཐོག་གི་ཕ་བོང་ཡིན།།

ད་ཐེངས་མདུན་དུ་མཆོངས་སྟངས་འདི་ནི་ཚེ་སྲོག་རྒོལ་པའི་གཤེན་མ་ཡིན།།

མིག་དང་རྣ་བ་གཅེས་ཉར་མེད་ན་གནམ་གཤིས་འགྱུར་པའི་སྐབས་བསྟུན་ནས།།

མགོ་བོ་ཐོག་གི་ཕ་བོང་ཟགས་ནས་འཇིག་རྟེན་ཐང་ལ་བསྟིམས་ཉེན་ཆེ།།

༢༠༡༠ ་ ༩ ་ ༡༠ཉིན་རང་ཤག་ཏུ་བྲིས།