འཆམ་ར་བ་ལ་གཏོར་པའི་རྩམ་པ།

9  3  འཆམ་ར་བས་སློབ་ཐོན་སློབ་དཔོན་ལག་འཁྱེར་ཐོབ་པའི་རྟེན་འབྲེལ་གྱི་ཤིས་ཚིག་ཏུ།

 

ལྷོ་ཕྱོགས་མ་ན་ལ་ཡི་ཉེ་འགྲམ་དུ།།

འོ་མའི་རྒྱུན་བཟང་བཞུར་པའི་མཚོ་ཀློང་དུ།།

ཐུན་གསུམ་བཙོ་སྦྱངས་བྱས་པའི་ངལ་བརྩོན་གྱིས།།

དཀར་དཀར་དུང་གི་རང་མདངས་ད་གཟོད་ཐོན།།

 

ཕ་གཅིག་བླ་མའི་ཞལ་གྱི་བུམ་བཟང་དུ།།

རྒྱུན་པར་གཏེར་ཁ་འདོན་པའི་བྲེལ་ཟིང་ཁྲོད།།

འདོད་རྔམས་མཚོ་ལྟར་འཕྱུར་པའི་ཕ་མཐའ་ཡི།།

བདེ་ལྡན་སྤང་ལྗོངས་དཀྱིལ་གྱི་ངལ་གསོ་ཐོབ།།

 

མདོ་སྔགས་ཁ་སྦྱོར་བྱས་པའི་གླེགས་བམ་ཁྲོད།།

རྟ་ཕོའི་བང་རྩལ་འགྲན་པའི་འགྲན་བསྡུར་ནང་།།

ཐེངས་མང་འགྲན་རྩོད་ཕོར་བ་ལོན་པ་ཡི།།

བྲག་ཅ་དེ་དག་རྒྱུན་པར་རྣ་ལམ་འཁྱིལ།།

 

དབྱངས་ཅན་མདུན་བསྐྱེད་ཆོ་གའི་འཇུག་བསྡུས་ནས།།

བདག་ཉིད་དབྱངས་ཅན་བསྐྱེད་པའི་གོ་རིམ་ནང་།།

ནམ་ཡང་ལྷིང་འཇགས་ཡིན་པའི་ཁེར་རྐྱང་ཡིན་པའི།།

ལྷུག་ལག་མ་ལུས་གཏོར་པའི་འུ་ཆེན་བསླངས།།

 

འཁོར་འདས་ཆོས་ཀུན་གསལ་བའི་ལུང་ཆེན་ནས།།

བལྟས་བལྟས་རིག་རིག་བརྒལ་བའི་ཟློས་གར་དེ།།

ཟློས་གར་མིན་པའི་ཟློས་གར་ལྟད་མོ་ནས།།

འོད་ཀྱི་སྤྲོས་པ་ཆེ་བའི་ཉི་མར་འགྱུར།།

 

ད་ལྟ་མུན་ཙམ་སེལ་བའི་ཉི་མ་ཁྱོད།།

རྣོ་སྟུག་སྤྲིན་གྱི་རང་བཞིན་ཡོངས་ཤེས་ནས།།

རང་ཉིད་ནམ་མཁར་འཁྱུག་པའི་རང་གློད་ནས།།

ཀུན་གསལ་ཉི་མའི་ས་ལ་བཙན་འཛུལ་གྱིས།།

 

ཉི་མ་ཉི་མ་ཟེར་ནས་འབོད་པ་ན།།

ཤོག་ངོས་ཉི་མའི་ཨ་ལན་མ་སྟེར་གོང་།།

སྤྲིན་དཀའ་ཕོན་པོ་བརྩེགས་པའི་བམ་གམ་སྟེང་།།

དོན་དམ་ཉི་མས་ཨ་ལན་འདེབས་ནས་དགོས།།

 

བཀྲ་ཤིས་ཉི་མ་ཤར་བའི་དུས་བཟང་དེར།།

རེ་བ་ཅན་ལ་བསྐྱར་དུ་རེ་ཡོད་པས།།

རེ་ཐོག་རེ་བ་བརྩེགས་པའི་རྩིག་པ་རྣམས།།

མ་བཤིག་ནམ་ཡང་ཁྱེད་ཀྱི་རྐང་བཏེགས་བྱོས།།

 

དེ་རིང་ཁྱོད་ཀྱི་ལག་ཏུ་སོན་པ་ཡི།།

ཤོག་ལྷེབ་འདི་ཉིད་བསྣབས་འཕྱི་ལྟར་ཆུང་ཡང་།།

རྒྱུག་ནས་ཕ་མཐར་གཏུགས་པའི་བརྡ་ཡིན་པས།།

ནམ་ཡང་ཕྱི་རྟིང་བཏེགས་པའི་བབ་སྟེགས་ཡིན།།

 

བལྟས་བལྟས་རིག་རིག་ཕ་མཐར་གཏུགས་པ་དང་།།

ཉིན་མཚན་ལྟོས་མེད་ཕ་མཐར་གཏུགས་པ་གཉིས།།

ཕ་མཐར་གཏུགས་པ་ལྕི་ཡང་མེད་པས་ན།།

ཟོ་ཆུན་ལམ་དུ་ལྷག་པའི་བན་དེ་ང་།།

 

རི་རབ་ལྷུན་པོའི་ཞབས་ཀྱི་འཁོར་ལོའི་འོག།

ཁེར་ལབ་རིང་པོའི་དངན་པ་འཐེན་ཞོར་དུ།།

ཕྱིར་བལྟས་མེད་པར་འཁོར་ལོ་བསྐོར་པ་ལས།།

རྟོགས་སད་སྣང་ངོགས་འཕུར་པའི་དུས་བབ་ཟད།།

 

འཆམ་ར་སྨྱོན་པ་སྔར་ནས་སྨྱོན་ཟིན་ཡང་།།

སྔར་ནས་སྨྱོན་པ་ཆོས་ཀྱིས་སྨྱོས་པ་ལགས།།

དེང་སང་སྨྱོན་པ་དབྱངས་ཅན་མ་ཡིས་འཕྲུལ།།

སྨྱོན་སྟངས་འདི་གཉིས་ཁྱེད་ཀྱི་གཤོག་ཟུང་ལགས།།

 

 

ཁ་བཏགས་ཆར་བཞིན་འབབས་པའི་ནམ་མཁའི་འོག།

རྡོ་རྗེ་སྤུན་ཁྱུ་ལག་མདངས་སྦྲེལ་བྱས་ནས།།

ཆུ་མགོ་གངས་ལ་གཏུགས་པའི་ཐལ་སྒྲ་ཁྲོད།།

མེ་ཏོག་འཁྱོར་བ་གང་གིས་མཆོད་གཏོར་བྱས།།

 

རྒྱུ་བཟང་དར་གྱི་སྤུན་ལས་བྱས་པ་ཡི།།

དཔའ་རྒོད་འདོམ་པ་ལྔ་ཡི་དར་དཀར་ངོས།།

གསེར་ཚོན་སྣ་ལྔས་བཀྲ་ཤིས་འབྲུ་བཀོད་ནས།།

རིན་ཅན་དུས་ཚོད་དེ་ལ་སྐྱེས་སུ་བཏེགས།།

 

རྒྱུག་རྒྱུག་ཕ་མཐར་གཏུགས་པའི་ཀི་བསོའི་སར།།

གུས་པ་རྩམ་པ་གཏོར་པ་མ་སླེབ་ཀྱང་།།

སེམས་ཀྱི་འདུན་པ་མཚོན་པའི་ཁ་གཡང་དེ།།

ཁྱེད་ཉིད་ཨེ་མགུ་བལྟས་ནས་འདི་ན་སྤེལ།།