རྣམ་གྲོལ་གླིང་ནས་འཆམ་ར་དྲན་པ།

མདོ་སྔགས་རིགས་པའི་མེ་རླབས་འཕྱུར་པ་ཡི།།

རྣམ་གྲོལ་གླིང་ཞེས་མིང་དོན་གཉིས་མཚུངས་ཀྱི།།

ཆོས་ཀྱི་གྲོང་སྡེ་ཆེན་པོར་མཇལ་པའི་ཕྱིར།།

ཕྲན་དང་བེར་ཕྲུག་འབའ་འཆི་འགྲོགས་ནས་སོང་།།

 

བྱིན་རླབས་གཟི་བྱིན་འབར་བའི་རྟེན་གསུམ་དང་།།

ཞི་དུལ་སློབ་སྤྱོད་བཟང་པའི་འཕགས་པའི་ཚོགས།།

མིག་ཟུང་བསོད་ནམས་སྐལ་དུ་བབས་ལགས་པས།།

དད་པའི་དགའ་བ་འབུམ་གྱིས་རང་རྒྱུད་སྨྱོས།།

 

ད་ནས་ཆོས་ཀྱི་མཇལ་སྐོར་ཡོངས་གྲུབ་ནས།།

ཆོས་མཛོད་ཆེན་པོར་ཁྱུག་ཙམ་ཉུལ་དགོས་དྲན།།

ལམ་བར་གྲྭ་བ་བཙུན་མར་སུ་ཐུག་ཚེར།།

ཆོས་མཛོད་གང་ཡོད་ཅེས་པའི་དྲི་རྟགས་བཀོད།།

 

འོན་ཀྱང་ལན་དུ་ཚྰ་ཡྰི་ན་སྐད་སྦྱིན་པས།།

དེང་རབས་ཤེས་བྱས་འཕོངས་པའི་གྲྭ་རྐྱང་ང་།།

གོ་བའི་ཚབ་ཏུ་དོགས་པའི་དྲི་རྟགས་རྣམས།།

ཀླད་པའི་ངོས་སུ་སྐར་མདའ་བརྒྱབ་པ་བཞིན།།

 

ཐ་མར་འུ་ཐུག་བརྒྱ་ཡིས་ཐབས་ཟད་དེ།།

ABCDརྡོ་ཆག་བཙན་བསྒྲིགས་ཀྱིས།།

LIBRARY་ཞེས་ཚིག་གི་མདའ་ལམ་ནས།།

མདོ་སྔགས་ཆོས་མཛོད་ཆེན་པོའི་ལམ་སྣེ་རྙེད།།

 

དུས་རབས་སྲོལ་དང་མཐུན་པའི་དཔེ་དེབ་དང་།

གནའ་བོའི་མན་ངག་བརྒྱུད་པའི་པོ་ཏི་སོགས།།

ཡོད་ཚད་མ་ཚང་མེད་པའི་ཆོས་མཛོད་དེས།།

ང་ལ་དཔེ་མཛོད་མིང་གི་གོ་དོན་སྤྲད།།

 

དཔེ་མཛོད་ཅེས་པའི་ཁ་བྱང་སྨུག་པོའི་འོག།

ཇ་དང་ཆུ་དང་ཚེམ་དྲུབ་སོགས་ལ་བྲེལ།།

གནའ་དེང་དཔེ་ཆ་བཙོན་དུ་བཅུག་པ་ཡི།།

“དཔེ་མཛོད་ཁང་”དེ་དཔེ་མཛོད་མིན་པར་ཤེས།།

 

འདི་ལྟར་རྒྱུས་མེད་ཡུལ་དུ་རྒྱུས་མེད་མི།།

ཆ་རྒྱུས་མེད་པར་ཆ་མེད་གྱུར་པ་ན།།

ས་འདི་བརྒལ་ནས་ས་མཐར་འཁྱམས་པ་ཡི།།

འཆམ་ར་མིང་གི་བསྙད་པའི་འཆམ་རྒན་དྲན།།

 

རྣམ་གྲོལ་གླིང་ནས་རྣམ་པ་གྲོལ་པ་བཞིན།།

དྷ་སའི་ཕྱོགས་སུ་དབྱིན་ཇི་དྷི་དྷི་སར།།

འཆམ་སར་སྨྱོན་པ་གློ་བུར་འཆམ་མེད་ན།།

ད་ཐེངས་ང་ཚོ་ད་ལྟ་ཉིད་འཛོམས་ནས།།

 

རྐུ་ཤུ་ན་གྷ་རྐུ་མའི་ས་ཆ་རུ།།

ཉ་ཉུང་བསྲེས་པའི་ཉ་ཤ་སྐམ་པོ་སོགས།།

ཁོལ་མའི་ཆུ་ལྟར་འཕྱུར་པའི་ཁོལ་ཁོལ་སོགས།།

ལྷན་དུ་རོལ་པའི་སྤྲོ་སྟོན་བྱ་དགོས་དྲན།།

ལྷོ་བྱང་ཡུལ་གྱིས་རྒྱང་ཐག་བསྐལ་ན་ཡང་།།

ཆོས་དང་འཇིག་རྟེན་ལྟ་བ་མཐུན་པ་ཡི།།

ལྷད་མེད་སེམས་གཉིས་གཅིག་ཏུ་མཐུན་པ་ཡི།།

རྒྱང་རིང་གྲོགས་པོ་ཁྱེད་ཉིད་ལྷག་པར་དྲན།།

སེར་ར་ནས་མེེ་སོར་ཡོང་བའི་ལམ་བར་གྱི་འགྲུལ་སྐྱེལ་རླངས་འཁོར་ནང་དུ་བྲིས།།༢༠༡༠་༦་༡༦