ཁྱེད་ཀྱི་ངོ་ལྤགས་འཐུག་ལུགས་འདི་

ལག་ཟུང་སྒོར་ཁུག་གཏོར་བའི་ཕྱི་ཉིན་ནས།།

བདེན་པས་མགོ་བོར་རྡུང་པའི་སྔ་ཉིན་ནས།།

སྐར་མདའ་ནམ་མཁའི་ངོས་ལ་ཐིམ་པ་བཞིན།།

འཇིག་རྟེན་སྐྱེས་འགྲོའི་མིག་ན་བོར་ནས་ཐལ།།

 

ཟབ་མདོས་ཡུངས་དཀར་སྦྱར་ནས་བྲབས་དུས་སུ།།

བདེན་པའི་གླུ་སྐད་བར་ན་གཅུན་དུས་སུ།།

གསོན་པོ་འཁྱུག་མུད་གཏོང་པའི་གདོན་འདྲེ་ཡི་།།

རང་གདོང་འཇིག་རྟེན་མིག་ན་གསལ་ལེར་འཆར།།

 

གོང་བུ་སྟོབས་ཤུགས་གཏོར་པའི་སྟོབས་ཤུགས་ཀྱིས།།

མིག་ཟུང་རྐང་པར་བཏགས་པའི་ཤེས་རབ་ཀྱིས།།

ཆོས་སྲིད་རླུང་ལ་བསྐུར་པའི་གཏམ་རྒྱུད་ནང་།།

སུ་ཡི་ངོ་གདོང་སུ་ཡི་མིག་ན་གསལ།།

 

ཤེར་སྙིང་ཟློག་པ་བརྒྱ་ཕྲག་རྒྱབ་འཁུར་ནས།།

ཤ་ཁྲག་རུས་པའི་ཁུར་བུ་རྒྱབ་ཁུར་ནས།།

ནུབ་ཕྱོགས་བདེ་ལྡན་ཞིང་གི་ཆོས་དབྱིངས་སུ།།

སླར་ཡང་མི་ལྡོག་ཚུལ་དུ་བཞུགས་ནས་ཐལ།།

 

ལག་པ་ཤི་ཡང་རྣ་བ་གསོན་པས་ན།།

ལག་པ་ཤི་ཡང་ཁ་རྣམས་གསོན་པས་ན།།

གསོན་པོ་ཆིག་སྟོང་འབུར་འཇོམས་བྱ་བའི་ཕྱིར།།

སླར་ཡང་འཁྲི་ཤིང་རྩེ་ན་ཁུ་བྱུག་སྤྲུལ།།

 

ནག་ནག་འདག་ཐབས་མེད་པའི་ཡིན་ལུགས་ཀྱིས།།

ཉེས་ལ་བཤགས་པ་མེད་པའི་ཁྲིམས་ཆད་ཀྱིས།།

རང་གི་ངོ་ལྤགས་འཐུག་པའི་ཡིན་ལུགས་ཀྱི།།

གནས་ལུགས་འཇིག་རྟེན་མིག་སྔར་བསྟན་ནས་སོང་།།

 

རྟ་ཕོས་ཁུར་ཆེན་དབོར་པའི་བྲག་ལམ་ན།།

གདོད་ནས་ནུས་སྟོབས་ས་ངོས་རྫངས་པ་ཡི།།

བོང་རྒན་ནག་པོས་ཨག་སྐད་སྒྲོག་བཞིན་དུ།།

རྐང་ལམ་ཉིན་གང་བཀག་པའི་ཐན་རྟགས་བྱུང་།།

 

ཁྱི་སྤྱང་མཉམ་འདུས་བྱས་པའི་གཏམ་རྒྱུད་ཀྱིས།།

ལོ་རྒྱུས་ཁ་བྱང་སྨུག་པོ་འབྲི་འདོད་ཀྱང་།།

མ་བསམ་ས་ནས་འོངས་པའི་སྐྱ་ཐིགས་དེ།།

མ་དག་སེམས་ཅན་འདུས་པའི་འཕངས་འབྲས་རེད།།

 

ནག་པོ་གདོད་ནས་ནག་པོར་ཡིན་པས་ན།།

ནག་པོའི་འཇུག་མ་དཀར་པོ་མིན་པས་ན།།

ཤ་ལ་རུས་པ་ཡོད་ན་བོད་པ་ཚོ།།

མིག་ལ་གསལ་ཆ་ཡོད་ན་བོད་པ་ཚོ།།

 

ཁྲག་དང་ཤ་ཡི་ཚུགས་ལ་མ་བལྟས་པར།།

མདངས་དང་རྒྱུད་པའི་ཆ་ལ་མ་བལྟས་པར།།

བདེ་སྐྱིད་རྣལ་མ་རུམ་ནང་བསུ་པའི་སླད།།

འདེམ་ཁ་མ་ནོར་སྐེད་འཛགས་རྩ་ནས་གྱིས།།

 

བོད་པ་འདི་ལ་རུས་པ་ཡོད་འགྱུར་ན།།

བོད་པ་འདི་ལ་མིག་རྒྱང་ཡོད་འགྱུར་ན།།

ད་ཐེངས་འུར་ཟིང་འདི་ཉིད་བསླངས་ཀྱིས།།

དེ་མཐུན་འཇུག་བསྡོམས་རྒྱག་སྟངས་ང་ལ་ཡོད།།

 

རང་གིས་ཕམ་ཉེས་བཏང་པའི་ཁ་སང་གི།།

ལན་ལ་སྐྱིན་པ་ལེན་པའི་འཁྲེན་སེམས་ཀྱིས།།

དེ་རིང་བསྐྱར་མར་མགོ་བོ་བཀྱགས་པ་དེ།།

ཡང་བསྐྱར་སང་ཉིན་ཚོང་པའི་གཏན་ཚིགས་ཡིན།།