ང་ཡི་མིག་ནང་གི་རྣལ་འབྱོར་པ།
 


མིག་གིས་གང་མཐོང་སེམས་ཀྱི་སྡོམ་ཐག་བྱས།།

སེམས་ཀྱི་འགུལ་བསྐྱོད་ཕ་རོལ་ལམ་མཐའ་ན་ལྡིང་།།

ངན་དངོས་འཚོ་བས་ལུས་སེམས་སྐྱོང་པོ་ཅན།།

དུས་མཐའི་རྣལ་འབྱོར་པ་ཡི་མཚན་གཞི་ཁྱོད།།

 

 

ཟང་ཟིང་འབྱོར་བ་སྒྲུབ་པའི་ལག་ཆ་གཏོར།།

ཉེ་གཉེན་ཕྱོགས་ལྷུང་གདོན་གྱི་དཔུང་པ་གཅོག།།

འཁོར་བའི་མུན་ཁྲོད་གཅིག་པུ་འགྲེང་པ་ཡི་།།

དཔའ་བོ་ལག་ལྡུམ་ཁྱེད་ནི་འོད་ཐིག་ཅིག

 

 

རྩམ་པ་ཐར་ཐོར་ཕོར་པའི་མཐིལ་བཀབ་ནས།།

ཇ་རྐྱང་སེར་པོའི་རམ་འདེགས་དཀྲུག་སྟངས་ལས།།

སྟབས་བདེ་ཟས་ཀྱིས་འདོད་པ་ཁེངས་པ་དེ།།

བྱ་བཏང་རྣལ་འབྱོར་པ་ཡི་བརྡ་རྟགས་ཡིན།།

 

 

ན་སོ་བཙན་པོས་ཇི་ལྟར་བརྡ་གཏོང་ཡང་།།

གྲུང་པའི་མིག་ཟུང་གནས་ལུགས་ངོགས་གཟས་ནས།།

ཆོས་ཀྱི་གནད་དོན་མགོ་བོ་སློང་ཞོར་དུ།།

གཡོ་མེད་གཅིག་པུ་འགྲེང་དེ་ངོ་མ་རྨད།།

 

 

རང་ལག་བདག་པའི་འབྱོར་བའི་གཡོ་བྱད་རྣམས།།

དཀོར་གྱི་དཀོར་རིན་དོད་དུ་བཏང་བྱས་ནས།།

བྲག་ཕུག་སྐམ་པོ་ལྟ་བུའི་སྡོད་ཤག་ན།།

ཅི་ཞིག་དབྱིངས་ལ་གནས་པ་ཁྱེད་ཀྱི་གཤིས།།

 

 

ཁྱེད་ཀྱི་ཕྱི་ཚུལ་རྙིང་ཧྲུལ་ཚུགས་ཀ་ལ།།

ཤེས་མེད་ཅན་ཚོས་ཁྲེལ་དགོད་འཆོར་དུས་སུ་།།

ཁྱེད་ཀྱི་ནང་ཁྲོག་རྟོགས་པའི་ཁོ་བོ་ཡིས།།

ཀླད་མེད་ཅན་ཚོར་སྙིང་ནས་ཤ་ཚ་སྐྱེས།།

 

 

བསམ་དང་དྲན་རྒྱུ་གློག་ལྟར་མྱུར་པ་ཡིས།།

ཤེས་བྱ་འདྲ་མིན་གྲོད་ཁོག་ཉུལ་ན་ཡང་།།

སེམས་དང་བསམ་རྒྱུའི་ཇེ་སྲར་སོང་བ་དེ།།

ཐོས་དོན་སེམས་ཀྱིས་བོར་པར་དེ་རིང་ཤེས།།

 

 

གཞུང་ཆེན་གོང་འོག་བསྒྲིགས་པའི་སྐད་གྲགས་དང་།།

ཁྱབ་རྟགས་ཀླད་ཡུག་བསྐོར་པའི་མཁས་མིང་སོགས།།

འདི་སྣང་མཁོ་བའི་ཅ་དངོས་སྟོང་ན་ཡང་།།

 

ངེས་དོན་ཆོས་ངོར་འཚོལ་དེས་སྐྱེས་གོ་ཆོད།།

 

བྱུ་རུའི་རྒྱ་མཚོ་མཁལ་འཕྱུར་འདྲ་བའི་།།

རབ་བྱུང་སྡེ་འདིར་འཚང་ཁ་རྒོད་ན་ཡང་།།

ངེས་དོན་ཆོས་པའི་མིང་གཞིར་འཁོར་པ་ཡི།།

ཆོས་ཀྱི་གནས་ལུགས་ཤེས་མཁན་ཁྱེད་ཉིད་ཙམ།།

 

རྩོད་ རྒྱུགས་སྐབས་སུ་ཉམས་ལེན་པ་རྒན་བསོད་ནམས་ཟླ་གྲགས་མཆོག་གི་ཆེ་བ་འགའ་ཞིག་མཇལ་ དུས་སེམས་ནང་ཚོར་སྣང་དང་སྐུལ་ལྕག་ཁྱད་འཚར་འགའ་ཐེབས་ནས་ཤར་མར་བྲིས་པའོ།

བློ་གླིང་སྤྲུལ་པའི་གཙུག་ལག་ཁང་གི་ཡང་ཐོག་ན་བྲིས།༢༠༡༠ ༧ ༣༠ཉིན།།