སྙིགས་དུས་ཀྱི་བསྟན་པའི་བླ་སྲོག
December 20, 2010་ སྙིགས་དུས་ཀྱི་བསྟན་པའི་བླ་སྲོག
མདོ་སྔགས་གཉིས་ཀྱི་གླེགས་བམ་བར་དུ་རིགས་ལམ་རལ་གྲིའི་སོ་ཁ་བརྡར།’
རྣམ་དག་གཞུང་གི་དཀའ་གནད་མ་ལུས་དྲི་མེད་རིགས་པས་བསྡར་ཤ་བཅད།།
གཏན་ལ་ཕབ་པའི་ཟབ་གནད་ཐམས་ཅད་ཉམས་ལེན་གནད་ཀྱི་སྙིང་པོར་སྒྲིལ།།
ཉམས་སུ་ལེན་པའི་དཀར་ངོགས་མཐའ་དག་སྐུ་གསུམ་འགྲུབ་པའི་ཆ་རྐྱེན་སྦྱར།།
རྨད་བྱུང་ཐུགས་བསྐྱེད་འོད་ཞགས་དཀར་པོ་དམར་པོ་སྙིང་གི་ཁྲག་དང་བསྲེས།།
མཐའ་བྲལ་ལྟ་བའི་བྱུ་རུའི་སྡོང་པོ་གངགསྐུ་འདེགས་པའི་སྲོག་ཤིང་བཞུགས།།
ངན་དངོས་འཚོ་བའི་མི་ལ་སྤྱོད་པ་ལུས་དང་གྲིབ་བཞིན་འབྲལ་མེད་བཞེས།།
ལྷད་མེད་གསེར་མདོག་གཤིས་སུ་གྲུབ་པའི་སྙིགས་དུས་བསྟན་པའི་བླ་སྲོག་ཉིད།།
རྣོ་ངར་ལུང་རིགས་རྒྱན་གྱིས་སྤྲས་པའི་ཟླ་མེད་གདོང་ལྔའི་སྒྲ་དབྱངས་ཀྱིས།།
ཕྱིན་ཅི་ལོག་པའི་ལྟ་ངན་སྨ་བའི་ཝ་སྐྱེས་བགྲོད་ལམ་རྩ་གཏོར་བཏང།།
མུ་མེད་བླ་གསལ་བརྒྱ་ཕྲག་དུ་མར་ནང་དགྲ་འཇོམས་པའི་རལ་གྲི་རྩལ།།
འོད་དཀར་འཁྱིལ་བའི་ལེགས་བྱས་འདི་དག་དོན་དམ་བསྟན་པའི་ཞབས་འདེགས་ཉིད།།
མིག་མི་འཛུམ་པའི་དྲི་བྲལ་སྤྱན་ངོགས་གང་ཉིད་དྲི་མེད་དཀར་གཙང་ཏེ།།
མཁས་གྲུབ་འདུས་སྡེ་ཁ་ལོ་སྒྱུར་བའི་རིན་ཆེན་སྣ་ཐག་ཁྱེད་ལ་རྩལ། །
རྒྱབ་མདུན་མེདམཔའི་ལས་འཆར་མ་ལུས་ལག་ལེན་དཔུངཔའི་སྟེང་སྤུངས་ནས།།
ལྷག་བསམ་གཙང་མའི་རྩེད་ཐག་དཀར་པས་མཁས་གྲུབ་གླིང་འདི་གྱེན་དུ་འཐེན།།
འུར་ཟིང་ཆེ་བའི་བྲག་ཅ་ཡོད་ཚད་འཇམ་པའི་རླུང་གིས་ཕྱོགས་མཐར་གཏོར།།
ཕ་བོང་དཀར་པོར་གས་ཁ་ཤོར་ཚེར་བཙོ་་མའི་གསེར་སྦྱངས་སྲུབས་ལྷན་བྱས།།
སྔོ་ལྗང་ཅན་གྱིས་ཀུན་དགའ་རྭ་བ་སྟོང་ཉིད་རང་སྒྲ་སྔོན་ལས་ཆེ།།
མཁས་སྙན་འདུས་སྡེའི་རྒྱ་ཕིབས་སེར་པོར་གཟི་འོད་མེ་ལྕེིདྲག་ཏུ་འབར།།
ནུབ་ཕྱོས་ཡུལ་དུ་སྒྲོ་ལ་འཚོལ་བའི་ངལ་བའི་རྔུལ་ཆུར་མ་བསྟེན་ཅིང་།།
ཤར་ཕྱོགས་ཡུལ་དུ་ཚེིདབང་ཙོང་ནས་བླ་བྲང་རྫིག་པོ་མ་བརྩིགས་ལ།།
ཤི་གསོན་གཉིས་ཀྱི་སོ་མཚམས་གྱར་བའི་བསྟན་པའི་ཚེ་སྲོག་བསྲིངས་བའི་སླད།།
འཁོར་ལོ་གསུམ་གྱི་གོ་ཚོ་ཐོགས་ནས་མུན་པའི་དགྲ་དང་གཡུལ་འཐབ་བྱེད།།
གཞན་ཕན་གཏམ་གྱི་ཉིང་ཁུས་སྦངས་པའི་རིན་བྲལ་ལམ་སྟོན་ཚིག་རེས་ཀྱང་།།
ལང་ཤོར་སེམས་སུ་འཕྲེད་དུ་སྐྱེས་པའི་སྲིད་བདེའི་ཞེན་པ་རྩ་ནས་གཏོར།།
གནད་དུ་ཕོག་པའི་གདམས་ངག་ཟེར་སྒྲོས་འགྲམ་པ་ཧྲིལ་པོར་ཚ་ལྷང་འགྱར།།
ཕྱིན་ཆད་ཆོས་ལ་རྩེ་གཅིག་བརྩོན་པའི་འགྱུར་མེད་དམ་བཅའ་མཇལ་རྟེན་ཕུལ།།
༢༠༠༧ ༡ ༢༧ ཉིན་སེར་སྨད་དཔེ་མཛོད་དུ་བྲིས། ལྗང་རླུང་ཚགས་པར་ཐོག་ཏུ་བཀོད།
Posted by bapa kalsang trinley.