ངུ་སྒྲྲ
October 24, 2010དཀར་མཛེས་བསོད་ནམས་དངོས་གྲུབ། བློ་གླིང་།
གོ་ལའི་ས་ཡི་ཐིག་ལེ་ཕྲ་མོ་ཞིག།།
འོད་སྣང་འབྱིན་པའི་གོ་ལ་ཧྲིལ་པོ་གསལ།།
མི་རྟག་རྫས་ཀྱིས་མྱོས་པའི་བཟི་གཏམ་ཞིག།།
རེ་ཞིག་འཕངས་ཏེ་ཏིང་འཛིན་མལ་དུ་བཞུགས།།
རྣམ་རྟོག་ཆག་གྲུམ་གསེབ་ནས་ཟླ་བ་ཡི།།
འོད་དཀར་རྒྱུ་འབྲས་ཕྲ་མོ་བསྒྲུབས་འཚམས་ལས།།
སྔ་ཕྱིའི་འཆམ་གོས་མི་མཚུངས་གར་སྟབས་ཀྱི།།
གཟུགས་སུ་མི་འགྱུར་རྟག་ཏུ་ཉི་གཞོན་སྒུག།།
མི་སྙན་དབྱིངས་སུ་ཤོར་བའི་ངུ་སྒྲ་ལས།།
སྡུག་བསྔལ་རང་དབང་ངོམས་པའི་ཆུ་ཐིགས་འཁྲིགས།།
མི་རྟག་འགྲོས་ཀྱི་ཟླ་བོར་མ་གཏད་ཞེས།།
འདུ་བྱེད་འཕྲོ་འདུར་རྒོལ་བར་ཁོང་དགོད་འཆོར།།
Posted by bapa kalsang trinley.