སློབ་གྲྭའི་བུ་མོ་ཚོའི་བདག་པོ་གྲྭ་བ་ཡིན་ དགོས

དེང་སྐབས་ནི་སློབ་གྲ་འཛིན་གྲ་ བཅུ་གཅིག་བཅུ་གཉིས་རྣམས་གུང་གསེང་དུ་ཡོང་པའི་དུ་ཚོད་རེད། གཞིས་གྲོང་ཁག་དང་རྒྱ་ལམ་དག་ན་གྲྭ་བ་རེས་སློབ་གྲྭ་བུ་མོ་རེ་རེའམ་གཉིས་རེ་ཡར་མར་འཁྲིད་ནས་འགྲོ་གིན་འདུག

སློབ་གྲྭ་བུ་མོ་འདི་དག་ནི་ཧི་མ་ལ་བརྒལ་ནས་མི་ཡུལ་དུ་ཤེས་རིག་འཚོལ་བར་ཡོང་མཁན་གྱི་གསར་འབྱོར་བ་ཤ་སྟག་རེད། ཁོ་ཚོ་གུང་གསེང་དུ་འགྲོ་ས་ཡི་ཁྱིམ་དང་སྐྱིད་སྡུག་ཕྲག་ཏུ་ལེན་མཁན་གྱི་ཕ་མ་ཡོད་ཚད་ནི་ལེ་བ་སྟོང་གིས་བསྐལ་པའི་ཧི་མ་ལ་ཡི་བྲང་གཞུང་ན་ཡོད།གུང་གསེང་གིས་མཚོན་པའི་སྐྱིད་སྡུག་ལེགསཉེས་ལ་འགན་འཁུར་དཔུང་རོགས་བྱེད་མཁན་ནི་གྲྭ་ས་ཁག་ན་ཡོད་པའི་སྤུན་མཆེད་གྲྭ་བ་རྣམས་ལས་མེད། དེས་ན་ཁོ་མོ་ཚོ་གུང་སེང་ཡོང་ས་གྲྭ་ས་གདན་ས་དག་ཡིན་ལ། སློབ་གྲྭ་བུ་མོ་ཚོས་གྲྭ་བ་དང་འགྲོགས་ནས་ཡར་མར་འགྲོ་དུ་མི་མང་པོའི་སེམས་ན་དོགས་མི་བདེའམ་ཡང་ན་བཀྲ་མི་ཤེས་པའི་གནད་དོན་ཞིག་གི་གདོན་སྤྱི་ཤར་གྱིན་ཡོད་པ་མ་ཟད། ནམ་རྒྱུན་སྤྱི་ཚོགས་ཐོག་དང་དྲ་རྒྱ་སོགས་ཀྱི་རྒྱུད་ལམ་མང་པོ་ན་གྲྭ་བའི་སྤུན་མཆེད་བུ་མོ་མ་གཏོགས་མེད་པར་ཡ་མཚན་ཡིན་པའི་སྐོར་ལབ་གླེང་མང་པོ་ཡོང་གིན་ཡོད། ཁོ་ཚོ་ཅི་ཁག ཁག་ཅི་ཡོད། དངོས་ཡོད་ཀྱི་ཐོག་ནས་བལྟས་ཀྱང་གྲྭ་བའི་སྤུན་མཆེད་ཡོད་ཚད་མི་ཤེས་ཀྱང་མང་ཆེ་བ་བུ་མོ་ཡིན་པར་མངོན་ཡོད་རེད།

འོན་ཀྱང་གྲྭ་བས་བུ་མོ་མ་གཏོགས་བུ་གུང་གསེང་དུ་མི་ལེན་པ་མ་རེད་ལ། ཆེད་དུ་བུ་མོར་སྤུན་མཆེད་བསྒྲིགས་པའང་མིན། འཇིག་རྟེན་གྱི་ཁ་དཔེར་ཤ་ཟད་རུས་དང་། ཕོ་ཟད་མོ་ཞེས་པ་ལྟར་དེང་སང་བོད་ནང་གུང་ཁྲན་གྱི་བུད་མེད་སྐྱེས་སྒོ་འགོག་པའི་སྲིད་ཇུས་འོག་བཟའ་ཚང་རེ་ལ་ཕྲུ་གུ་གསུམ་ལས་ལྷག་པ་སྐྱེས་མི་ཆོག་ལ། གསུམ་ལས་བུ་གཉིས་དང་ཡང་ན་བུ་མོ་གཉིས་ཡོད་ན་གཅིག་གྲྭ་བ་བཟོས། གཅིག་ཁྱིམ་ཐབ་འཛིན་བཅུག ཤུལ་ལྷག་བུ་མོ་དེ་ཐག་རིང་ཐུང་གང་ན་སློབ་གྲྭར་བཏང་བ་སོགས་བྱས་ངེས་རེད། དེ་ལྟ་བུའི་གནས་སྟངས་ཀྱིས་དབང་གིས་གྲྭ་བ་ཡོད་པའི་ནང་ཚང་ལ་འདིར་ཕྱོགས་སློབ་གྲྭར་ཡོང་མཁན་བུ་མོ་མ་གཏོགས་ཕལ་ཆེར་མེད་ལ། མི་ཡུལ་འདི་ན་ཉེ་གཉེན་ཀྱང་གྲྭ་བ་མ་གཏོགས་མེད། གནས་སྟངས་དེ་ཡི་དབང་གིས་སློབ་གྲྭ་བུ་མོ་ཚོ་བདག་པོ་སྤྲོད་མཁན་གྲྭ་བ་ཡིན་དགོས་པ་འགྱུར་ཡོད་ལ་ཡིན་ཀྱང་དགོས་ངེས་ལྟར་བུ་གྱུར་ཡོད།།