དགའ་རོགས་ཟ་ཁང་།
ཁ་བ་བབས་པའི་རྗེས་ལ།། ཁ་ཤུལ་ཉི་མ་དྲོ་བྱུང་།།
ཁ་བ་བབས་པའི་རྗེས་ལ།།ཁ་ཤུལ་ཉི་དྲོ་བྱུང་།ཟེར་བའི་གནའ་མི་ཡི་གཏམ་དཔེ་དེ་ཅི་མི་བདེན།ཉིན་མཚན་བསྟུན་མར་ཁ་བའི་མལ་གོས་ཁྲོད་དུ་གཟིམ་པའི་དྷ་སའི་རི་གྲོང་ཡང་།དེ་རིང་སེར་ལམ་ལམ་གྱི་ཉི་ངོགས་སུ་སྤྲོ་མདངས་ཤིག་མངོན་བཞིན་འགྱིང་འདུག།དྲོད་ལམ་ལམ་གྱི་ཉི་ངོགས་སུ་ཡུན་རིང་བག་ལ་ཞར་བའི་མི་ཚོགས་ཀྱང་བྲེལ་འཚུབ་འཚུབ་ངང་ཡར་འགྲོ་མར་འགྲོ་བྱེད་བཞིན་མཆིས། ང་དང་རྩོམ་པ་པོ་ལི་ཐང་བློ་བརྟན་གཉིས་ཀྱང་ལས་དོན་ཞིག་གི་ཕྱིར་དུ་དྷ་སའི་རི་གྲོང་བརྒལ་ནས་གངས་ཅན་སྐྱིད་གཤོངས་སུ་ཕྱིན།
གངས་ཅན་སྐྱིད་གཤོངས་སུ་བསྒྲུབ་དགོས་པའི་ལས་དོན་རྣམས་བསྒྲུབས་ཟིན་ནས་ཟ་ཁང་ཞིག་ཏུ་ཉིན་དགུང་ཁ་ལག་ཟ་བར་སོང་།ཟ་ཁང་དེ་ཏག་ཏག་སྤྱི་འཐུས་ཚོགས་ཁང་གི་རྒྱབ་ལོགས་དེར་འདུག་པས་ང་གཉིས་ལ་མཚོན་ན་ཐག་རིང་པོར་འགྲོ་མི་དགོས་པར་གྲོད་ཁོག་ལྟོགས་གདུང་སེལ་ཐུབ་པས་དེ་ལས་ཡག་པར་ཅི་ཡང་མ་མཐོང་།སྤྱིར་ཆ་མེད་ང་ལྟ་བུར་མཚོན་ན་ཟ་ཁང་འདི་སུ་ཚང་གི་ཡིན་མིན་ཅི་ལྟར་ཤེས་མོད་ཟས་ཐོ་ལ་བལྟས་དུས་གནས་ཆུང་གི་ཟ་ཁང་ཞེས་བཀོལ་འདུག་པས་དེ་གནས་ཆུང་གི་ཟ་ཁང་ཡིན་ཐག་ཆོད་རེད། ཟ་ཁང་འདི་ནི་དྷ་སའི་ཟ་ཁང་བྱིངས་དང་མི་འདྲ་བར་རིན་གོང་ཧ་ཅང་དམའ་མོ་སྟེ།འབྲས་དང་བག་ལེབ་ཚོད་མ་བཅས་གྲོད་པ་རྒྱག་རག་བར་དུ་བཟས་ནའང་ཧིན་སྒོར་༡༥ལས་མི་དགོས། དེར་བརྟེན་འདི་རུ་རྒྱ་གར་གྱི་འགྲུལ་སྐྱེལ་རླངས་འཁོར་ལྟར་འཚང་ཁ་བཤིག་བཤིག་རེད།ང་གཉིས་ཀྱང་ཅུང་སྒུག་རྗེས་རྐུབ་སྟེགས་སྟོང་པ་ཞིག་རེག་བྱུང་།འབྲས་ཚོད་སྡེར་མ་རེ་མངགས་ནས་ཉིན་ཟས་ལ་རོལ། ང་གཉིས་རྒྱབ་ཀྱི་རྐུབ་སྟེགས་སྟེང་དུ་ཚགས་ཤོག་སོགས་གསར་ལམ་ཁག་ནས་སྔར་ནས་མཐོང་མྱངས་པའི་གཞུང་ཞབས་སྐུ་ངོ་ག་གེ་མོ་ཞིག་དང་ལོ་ན་བཞི་བཅུ་ནས་ལྔ་བཅུ་བར་ཡིན་ཚོད་ཀྱི་ཨ་ཅག་གཉིས་ཉིན་ཟས་ལ་རོལ་གྱིན་གྱིན་ལབ་གླེང་